མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་དང་པོ་དང་བཞི་པས་སོ་སོར་མཚོ་ལྷོ་ཁུལ་ཏང་ཨུ་དང་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་སྐོར་ཞིབ་གནས་ཚུལ་ལ་བསམ་འཆར་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར་དུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་དང་པོ་དང་བཞི་པས་སོ་སོར་མཚོ་ལྷོ་ཁུལ་ཏང་ཨུ་དང་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་སྐོར་ཞིབ་གནས་ཚུལ་ལ་བསམ་འཆར་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་ཏང་ཨུའི་སྐོརཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཐིན་ཅཱ་ཚའེ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡན་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཡུས་ཡན་བསམ་འཆར་འདོན་པའི་ཚོགས་འདུར་ཞུགས་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཐེངས་དྲུག་པའི་སྐོར་ཞིབ་གནས་ཚུལ་སྙན་ཞུ་འབུལ་སྐབས་བཏོན་པའི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། སྐོར་ཞིབ་དག་ཐེར་ཐད་བླང་བྱ་བཏོན།

ཐིན་ཅཱ་ཚའེ་དང་ཝང་ཡུས་ཡན་གྱིས་བསྟན་དོན། གྲོང་ཁྱེར་དང་ཁུལ་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རུལ་སུངས་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ནས། གཟབ་ནན་གྱི་དགོངས་གཞི་གཙོ་བོ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། སྐོར་ཞིབ་དག་ཐེར་ཡོ་བསྲང་བྱ་རྒྱུ་དེ་འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་སྲུང་སྐྱོང་བྱེད་དགོས་པ་གཉིས་ལག་ལེན་གྱི་ཚད་གཞི་རྣལ་མ་ཞིག་ཏུ་བརྩིས་ཏེ། བསམ་བློ་དག་ཐེར་ཡོ་བསྲང་དང་བྱ་སྤྱོད་དག་ཐེར་ཡོ་བསྲང་གཅིག་གྱུར་ཡོང་བར་བྱེད་པ་དང་། དམིགས་འབེན་སྣེ་ཁྲིད་དང་གནད་དོན་ཁྲིད་ཕྱོགས་གཅིག་གྱུར་ཡོང་བར་བྱེད་པ། དག་ཐེར་ཡོ་བསྲང་གི་ལས་འགན་ཇི་མ་ཇི་བཞིན་དོན་འཁྱོལ་བཅས་བྱེད་དགོས་ཟེར།

ཐིན་ཅཱ་ཚའེ་དང་ཝང་ཡུས་ཡན་གྱིས་ནན་གྱིས་བསྟན་དོན། སྐོར་ཞིབ་དག་ཐེར་གྱི་རང་བདག་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། གྲོང་ཁྱེར་དང་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་དག་ཐེར་བྱེད་པ། རིམ་པ་དེ་ག་དང་རང་ཉིད་ནས་བཅོས་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། གནད་དོན་ཐག་གཅོད་མ་བྱས་ཚེ་ལྷོད་གཡེང་མི་གཏོང་བ་དང་། ཐག་གཅོད་མཐར་ཕྱིན་པ་མ་བྱས་པར་ལྷོད་གཡེང་མི་གཏོང་བ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་། ཁྲལ་སེལ་སླ་བཅོས། དག་ཐེར་རྫུན་མ་བཅས་ཀྱི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། སྐོར་ཞིབ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིབ་བྱས་ཏེ་སྐོར་ཞིབ་དེ་གཞི་རིམ་དུ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

མཚོ་ལྷོ་ཁུལ་ཏང་ཨུ་ལ་གནད་དོན་གཙོ་བོ་འགའ་གཞིར་བཟུང་ནས་བསམ་འཆར་བཏོན་དོན། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཞན་ཆ་ཡོད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པ་དང་ཆོས་ལུགས་ལས་དོན་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་མི་འདང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་ཞན་དུ་སོང་བ་དང་། ལས་བྱེད་པ་གདམ་གསེས་བསྐོ་འཇོག་བཀོལ་སྤྱོད་ཀྱི་གཏན་འབེབས་ལག་བསྟར་ཇེ་དམ་དུ་སོང་མེད་པ། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཅན་དུ་ཕྱིན་ཚད་མི་འདང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་བཀག་སྡོམ་བྱས་ཀྱང་མཚམས་མི་འཇོག་པ་དང་། ལས་ཁུངས་ཁག་ཅིག་གིས་ལས་དོན་མི་སྒྲུབ་པ་དང་། བྱ་བ་བསྒྲུབ་རྒྱུ་ཇེ་དལ་དུ་གཏོང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ། “འགན་འཁྲི་གཉིས”དོན་ཐོག་ཏུ་འཁྱོལ་མེད་པ་དང་གནོན་ཤུགས་རིམ་བཞིན་ཇེ་ལྷོད་དུ་ཕྱིན་པ། སྐོར་ཞིབ་གོང་མའི་སྐོར་ཞིབ་ཀྱི་ཚུར་ལན་གནད་དོན་ དག་ཐེར་མཐར་ཕྱིན་པ་བྱུང་མེད་ཟེར།

མཚོ་ཤར་གྲོང་ཁྱེར་ཏང་ཨུ་ལ་གནད་དོན་གཙོ་བོ་འགའི་ཐད་ནས་བསམ་འཆར་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་མེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་ཤུགས་མི་འདང་བ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲི་དོན་འཁྱོལ་ཐད་ཧེ་བག་ཡོད་པ་དང་། ཆོས་ལུགས་ལས་དོན་དོ་དམ་ཐད་ཉམས་ཞན་གནས་སྟངས་ཡོད་པ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཞན་པ་དང་། ལས་བྱེད་པ་གདམ་གསེས་བསྐོ་འཇོག་བཀོལ་སྤྱོད་ཀྱི་གཏན་འབེབས་ལག་བསྟར་ནན་མོ་མི་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་བྱེད་ཤུགས་མི་འདང་བ་དང་། སྲིད་གཞུང་སྡེ་ཁག་རེ་ཟུང་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པ། “འགན་འཁྲི་གཉིས”དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་གནོན་ཤུགས་རིམ་བཞིན་ཇེ་ལྷོད་དུ་ཕྱིན་པ། སྐབས་གོང་མའི་སྐོར་ཞིབ་བསམ་འཆར་གནད་དོན་དག་ཐེར་མཐར་ཕྱིན་པ་བྱུང་མེད་པ་དང་། རྩིས་བཤེར་བསམ་འཆར་གནད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་ཚད་དལ་བ་བཅས་རེད་ཟེར།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་གིས་བཏོན་པའི་བསམ་འཆར་གནད་དོན་ལ་གཞིགས་ནས་ལེགས་སྒྲིག་བསམ་འཆར་བཏོན། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་མཚོ་ལྷོ་ཁུལ་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་སྐོར་ཞིབ་ལེགས་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐོར་ནས་ལངས་ཕྱོགས་བསྟན།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་གིས་གཏན་འབེབས་ལྟར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་པུའུ་ལ་སྐོར་ཞིབ་ཁྲོད་གནས་པའི་གནད་དོན་གྱི་ཁུངས་སྣེ རིམ་སྤྲོད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།