མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་མི་གྲངས་ཞིབ་བཤེར་ཐེངས་བདུན་པ་བྱེད་འགོ་རྩོམ་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《རྒྱལ་ཡོངས་ཀྱི་མི་གྲངས་ཞིབ་བཤེར་ཐེངས་བདུན་པ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཤིང་། ཐེངས་འདིའི་མི་གྲངས་ཞིབ་བཤེར་ཚད་གཞིའི་དུས་ཡུན་ནི2020ལོའི་ཟླ11ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མི་གྲངས། གྲུབ་ཆ། ཁྱབ་ཚུལ། མཁར་གྲོང་གི་སྡོད་ཁང་སོགས་ཐད་ནས་ཞིབ་བཤེར་བྱ་རྒྱུ་རེད། 

 རྒྱལ་ཡོངས་ཀྱི་མི་གྲངས་ཞིབ་བཤེར་ཐེངས་བདུན་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ནས་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་ཞིག་ཡིན་པ་དང་།  འདིས་མི་གྲངས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲིད་ཇུས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། མི་གྲངས་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་གཏོད་པ་བཅས་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱས་ཏེ་ཚན་རིག་དང་མཐུན་པ་དང་། གནད་ལ་འཁེལ་བའི་བསྡོམས་རྩིས་གྲངས་ཀར་ཕྱོགས་ནས་རྒྱབ་སྐྱོར་བྱ་རྒྱུ་རེད། 

ཐེངས་འདིའི་མི་གྲངས་ཞིབ་བཤེར་བྱ་ཡུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་སྤྱི་དམངས་དང་། དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱིར་ཡོད་ཀྱང་གཏན་སྡོད་བྱས་མེད་པའི་ཀྲུང་གོའི་སྤྱི་དམངས། དེའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་དུས་ཐུང་གནས་སྡོད་བྱས་པའི་མངའ་ཁོངས་ཕྱིའི་མི་སྣ་ཚུད་མེད། གཙོ་བོ་མི་གྲངས་དང་དུད་ཁྱིམ་གྱི་གཞི་རྩའི་གནས་ཚུལ་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ཞིང་། ནང་དོན་ལ་རུས་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། ཕོ་མོ། ལོ་ཚོད། མི་རིགས། སློབ་གསོ་མྱོང་ཚད། ལས་གནས། ལས་རིགས། གནས་སྤོ་འཁོར་སྐྱོད། གཉེན་སྒྲིག་བུ་བཙའ། ཤི་བ། སྡོད་ཁང་སོགས་འདུས། ཐེངས་འདིའི་མི་གྲངས་ཞིབ་བཤེར་ཐད་གློག་རྡུལ་ཅན་གྱི་བྱེད་ཐབས་སྤྱད་དེ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་འཚོལ་བསྡུ་དང་ཐག་གཅོད་ཀྱི་ཕན་ནུས་ཆེ་རུ་བཏང་ཡོད། མགོ་མཇུག་བར་གསུམ་དུ་སྤྱི་དམངས་ཀྱི་གནས་ཚུལ་ལ་འགན་སྲུང་བྱས་ཏེ་གནས་ཚུལ་ཕྱི་སྒྲོག་དང་ཕྱིར་ཚོང་ལ་གཏན་འགོག་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།