མཚོ་སྔོན་ཞིང་ཆེན་གྱིས་བཟའ་བཏུང་ལས་རིགས་ཀྱི་ལས་གཉེར་ཁྱོན་ཡོངས་ནས་སླར་གསོ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་ལས་གཉེར་ཁྱོན་ཡོངས་ནས་སླར་གསོ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱིས་ལས་གཉེར་ཁྱོན་ཡོངས་ནས་སླར་གསོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་རེད། 

བརྡ་ཐོའི་བླང་བྱར། ཁེ་ལས་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཏེ། བཟའ་བཏུང་ཁེ་ལས་ཀྱི་ཁྲིམས་མི་དང་བདག་གཉེར་པས་འགན་འཁུར་བ་དང་པོའི་འགན་འཁྲི་ཁུར་ནས་ཟ་སྣོད་འཐུང་ཆས་དང་། བཟའ་བཅའ། བཟའ་བཏུང་ཁོར་ཡུག་བཅས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཏེ། རིམ་པ་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ས་ཁོངས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་བཏུང་ལས་རིགས་ཀྱི་བདག་གཉེར་བྱེད་སྒོ་དང་། ལྷག་པར་དུ་བཟའ་བཅའི་སྤུས་ཚད་སོགས་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱབ་ནས་བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་ཀྱི་དོན་རྐྱེན་བྱུང་རྒྱུ་གཏན་འགོག་བྱེད་དགོས། ལས་རིགས་ཀྱི་མཛུབ་ཁྲིད་འགན་འཁྲི་དོན་འཁྱོལ་བྱ་དགོས་ཏེ། རིམ་པ་སོ་སོའི་ཚོང་དོན་སྡེ་ཁག་གིས་སྣེ་ཁྲིད་དང་སྤྱི་ཡོངས་ལ་ནན་འཛིན་བྱས་ཏེ་ཁོངས་གཏོགས་ས་ཁུལ་གྱི་བཟའ་བཏུང་ལས་རིགས་ཀྱི་བདག་གཉེར་ལས་དོན་ཁྱོན་ཡོངས་ནས་སླར་གསོ་ཐུབ་པ་བྱེད་དགོས། རིམཔ་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་བཟའ་བཏུང་ལས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲོད་བསྟེན་རིམས་འགོག་ཚད་གཞིའམ་ཕྱོགས་སྟོན་བཟོས་ནས། སྔོན་འགོག་བྱ་ཐབས་དོན་འཁྱོལ་བྱེད་རྒྱུར་མཛུབ་ཁྲིད་བྱས་ཏེ་བདག་གཉེར་བྱ་སྤྱོད་ཚད་ལྡན་ཡོང་བ་བྱེད་དགོས། 

བརྡ་ཐོས་བསྟན་དོན། ཆེད་དོན་འགན་སྲུང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞིང་ཆེན་སྲིད་གཞུང་གི《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས》དང《བྱ་ཐབས་ནུས་ལྡན་སྤྱད་དེ་ནུས་ཤུགས་ཡོད་རྒུས་ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཁ་གསབ་གཏན་འབེབས》བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། བོགས་དངུལ་དང་། ཁྲལ་གྲོན། མ་དངུལ་བསྡུ་སྒྲིལ་སོགས་ཐད་ནས་བཟའ་བཏུང་ལས་རིགས་ཀྱི་བདག་གཉེར་སླར་གསོ་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། ཆེད་དོན་ཁ་གསབ་རོགས་སྐྱོར་བྱས་ནས་བཟའ་བཏུང་ལས་རིགས་ཀྱིས་དྲ་ཐོག་ཏུ་བདག་གཉེར་བྱེད་རྒྱུར་སྣེ་ཁྲིད་དང་ཐུམ་རྒྱབ་ནས་འཛད་སྤྱོད་བྱེད་སྟངས་ཁྱབ་སྤེལ་གཏོང་བར་བསྔགས་སྐུལ་ཧུར་ཐག་བྱས་ཏེ། ཕྱོགས་གསུམ་པའི་གསོལ་ཟས་མངག་ཉོ་བྱེད་པའི་ལས་སྟེགས་དང་ཐབ་ཚང་གིས་ཐད་ཀར་དྲ་ཐོག་ཏུ་བདག་གཉེར་བྱེད་པའི་བཟའ་བཏུང་ཁེ་ལས་ལ་གྲོང་ཁྱེར་གཅིག་གི་སྡེབ་སྐྱེལ་ཞབས་ཞུའི་ཐད་ནས་རྒྱབ་སྐྱོར་འོས་འཚམ་བྱ་དགོས། རིམས་འགོག་མཁོ་རྫས་མཐུན་སྦྱོར་ངང་དོན་འཁྱོལ་བྱེད་དགོས་ཤིང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁག་གིས་ས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་ཞིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་ལྟར། ས་ཁོངས་ཀྱི་བཟའ་བཏུང་སོགས་ལས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གཅིག་གྱུར་ངང་ལེགས་པོར་སྒྲུབ་དགོས་ལ། ཁ་ཐུམ་དང་དུག་སེལ་གཤེར་ཁུ་སོགས་རིམས་འགོག་མཁོ་རྫས་མཁོ་སྤྲོད་ལ་འགན་ལེན་བྱེད་དགོས། 

བརྡ་ཐོས་ད་དུང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་དང་ལག་བསྟར་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་མཐོང་ཆེན་བྱེད་པ་སོགས་ཀྱི་ཐད་བླང་བྱ་བཏོན་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།