མཚོ་སྔོན་ཞིང་ཆེན་གྱིས་དུས་ཚིགས་དང་པོར་ཆུ་བེད་རྣམ་གྲངས22ལས་འགོ་འཛུགས་རྒྱུའི་འཆར་གཞི་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2ཚེས29ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་ལས་གྲྭ་ལས་འགོ་བསྐྱར་ཚུགས་དང་མ་འཇོག་འཆར་གཞི་ལག་བསྟར་བྱེད་པའི་ལེགས་སྒྲིག་ཚོགས་འདུ་ཐེངས་དང་པོ་ནས་ཤེས་རྟོགས་བྱུང་བ་ལྟར་ན། དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱིས་ལས་འགོ་བསྐྱར་ཚུགས་ཀྱི་ཆུ་བེད་རྣམ་གྲངས22གཉེར་རྩིས་ཡོད་པ་དང་མ་འཇོག་དམིགས་ཚད་སྒོར་དུང་ཕྱུར5.46ལ་ཟིན་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱིས་ཆུ་བེད་རྣམ་གྲངས་ལས་འགོ་བསྐྱར་ཚུགས་བྱེད་རྩིས་ཡོད་པ་དང་། འཇུ་ལག་ཆུ་བོ་ཙོང་ཆུའི་མ་ཡུར་དང་། བྱང་ལས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭ་མི་འགྱངས་བར་ལས་འགོ་བསྐྱར་ཚུགས་བྱ་རྒྱུ་དང་། འཆར་གཞི་ལྟར་ན་སོ་སོར་སྒོར་དུང་ཕྱུར1.7དང་སྒོར་དུང་ཕྱུར0.6བཏང་། ན་ལིང་ཀེ་ལེ་གཙང་པོའི་ཆུ་བེད་ལྟེ་གནས་དེ་ཟླ3པའི་ཟླ་འགོར་ལས་འགོ་བསྐྱར་ཚུགས་བྱ་རྒྱུ་དང་མ་དངུལ་སྒོར་དུང་ཕྱུར0.12གཏོང་རྩིས་ཡོད་པ་དང་། གྲབས་གསོག་འགག་གི་ཆུ་བེད་ལྟེ་གནས་ཟླ3པའི་ཟླ་དཀྱིལ་ལ་ལས་འགོ་བསྐྱར་ཚུགས་བྱས་ནས་མ་དངུལ་སྒོར་དུང་ཕྱུར0.02གཏོང་རྩིས་ཡོད་པ་དང་། ཨ་ཆེན་གངས་རྒྱབ་ཀྱི་གཙང་ཆུ་ཡུར་དྲངས་བྱེད་པའི་འཕྲལ་སྡོམ་ལས་གཞི་ཟླ3པའི་ཚེས15ཉིན་གྱི་སྔོན་ལ་ལས་འགོ་བསྐྱར་ཚུགས་བྱ་རྒྱུ་དང་མ་དངུལ་སྒོར་དུང་ཕྱུར0.15གཏོང་རྩིས་ཡོད་པ་རེད། དེ་དང་ཆབས་ཅིག་མུ་མཐུད་དུ་སྐྲུན་བཞིན་པའི་ཆུ་བེད་རྣམ་གྲངས་འབྲིང་ཆུང་རྣམས་རྩ་དོན་ཐོག་ཟླ3པའི་ཟླ་མཇུག་སྔོན་ལ་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་ཚུགས་བྱ་རྒྱུ་རེད།

མིག་སྔའི་བར2020ལོར་ཀྲུང་དབྱང་ནོར་སྲིད་ཀྱི་ཆུ་བེད་འཕེལ་རྒྱས་མ་དངུལ་གཤམ་སྤྲོད་བྱས་པའི་རྣམ་གྲངས་དེ་ཟླ3པའི་ཟླ་མཇུག་སྔོན་དུ་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་འཛུགས་རྒྱུ་དང་ཟླ4པའི་ཟླ་མཇུག་སྔོན་ལ་ཕྱོགས་ཡོངས་ནས་ལས་འགོ་འཛུགས་རྒྱུ་རེད། 2020ལོར་གཤམ་སྤྲོད་བྱས་ཟིན་པའི་མ་འཇོག་དང་གཤམ་སྤྲོད་བྱ་རྩིས་ཡོད་པའི་མ་འཇོག་རྣམ་གྲངས་རྣམས་ཟླ3པའི་ཟླ་མཇུག་སྔོན་ལ་དུས་འགོའི་ཞིབ་བཤེར་མཆན་འགོད་ལེགས་གྲུབ་བྱ་རྒྱུ་ཡིན་པ་རེད། དེའི་བརྒྱུད་རིམ་ནང་ཞིང་ཆེན་ཆུ་བེད་ཐིན་གྱིས་དུས་ཐོག་ཏུ་བསམ་ཕྱོགས་ལེགས་སྒྲིག་བྱས་ནས་དུས་འགོའི་བྱ་བ་སྤེལ་སྟངས་གསར་གཏོད་བྱེད་པ་དང་། ནང་ལས་དང་ཕྱི་ཕྱོགས་ལས་རིགས་ཀྱི་བཀོད་སྒྲིག་སྤྱི་འདོམས་ཡག་པོ་བྱེད་པ། ཞིབ་བཤེར་ཆོག་མཆན་སྤྲོད་པར“ཐད་སྐྱོད་རླངས་འཁོར”གྱི་ལམ་ལུགས་དང་ས་གནས་ཁག་གི་མ་འཇོག་རྣམ་གྲངས་དྲ་ཐོག་ནས་ཞིབ་མཆན་ལྟ་སྐུལ་དོ་དམ་ལས་སྟེགས་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ནས་རྣམ་གྲངས་ཞིབ་མཆན་དང་དུས་འགོའི་ཆ་རྐྱེན་གཙོ་བོའི་ཞིབ་མཆན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།