མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་མི་འདེམས་མི་སྤྱོད་ལས་དོན་གྱི་ཆེད་དོན་ཞིབ་བཤེར་གནས་ཚུལ་བརྡ་ཁྱབ་བཏང་བ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ཨུད་རྩ་འཛུགས་པུས་བརྡ་ཁྱབ་པར་འགྲེམས་བྱས་ཏེ། 2019ལོའི་སྐོར་གཟིགས་དང་ཟུང་འབྲེལ་གྱིས་ས་ཁུལ་དང་ཚན་པ30ལ་མི་འདེམས་མི་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་བྱས་ཚུལ་ཕྱོགས་སྡོམ་བྱས་པ་དང་། ལས་བྱེད་པ་འདེམས་སྤྱོད་ཀྱི་འབྲེལ་ཡོད་ལམ་ལུགས་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ་ཚད་ལྡན་དུ་གཏོང་བ་སོགས་ཕྱོགས་5ཡི་གནད་དོན་གསེད་བཀྲོལ་ལག་བསྟར་བྱས་པ་རེད།

བརྡ་ཁྱབ་ནང་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ཀྱི་ཏང་ཨུད(ཏང་ཙུའུ)དང་དེའི་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ཀྱི་གོ་རིམ་ལག་བསྟར་གནད་ལ་མི་འཁེལ་བ་དང་། འབྲེལ་ཡོད་དོན་ཚན་དགོངས་སྐོར་སྙན་སེང་རང་འགུལ་མིན་པ། མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་སེང་གི་“ཁྲིམས་སྲོལ་གཉིས”དོན་འཁྱོལ་ནན་པོ་བྱས་མེད་པ། ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ་ཚད་ལྡན་མིན་པ་སོགས་ཐུན་མོང་རང་བཞིན་གྱི་གནད་དོན་གསལ་སྟོན་བྱས་ཡོད། ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ཀྱི་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་ནན་པོ་སྲུང་མེད་པར་སྒྲིག་འགལ་ངང་ལས་བྱེད་པ་གནས་སྤར་བྱེད་པ་དང་། “གནད་དོན་ཡོད་པ་གནས་སྤར་བྱེད་པའི”ལས་བྱེད་པ། སྒྲིག་འགལ་ངང་ལས་བྱེད་པ་སྐོང་འཐེན་བྱེད་པ་སོགས་ཀྱི་གནད་དོན་རེ་ཟུང་དང་སྒྲིག་འགལ་ངང་སྒྲིག་གཞི་འཛུགས་པ། གོ་གནས་གྲངས་ཚད་ལས་བརྒལ་བ་དང་ཚད་གཞི་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱེད་པ་སོགས“ཚད་བརྒལ་གསུམ་དང་གང་བྱུང་གཉིས”ཀྱི་བསྐྱར་ཐོན་གནས་ཚུལ་བཏོན་པ་མ་ཟད། གཞི་རིམ་གྱི་ན་གཞོན་ལས་བྱེད་པ་གྲབས་གསོག་མི་འདང་བ་དང་། ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལུགས་མཐུན་མེད་པ། གཞི་རིམ་གྱི་ཁོའོ་རིམ་པའི་ལས་བྱེད་པའི་དཔུང་ཁག་གི་རིམ་པ་ཆད་པ་སོགས་ཀྱི་གནད་དོན་དངོས་ལ་མཐོང་ཆེན་བྱེད་དགོས་པའི་ནན་བཤད་ཀྱང་བྱས་པ་རེད།

བརྡ་ཁྱབ་ནང་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་རང་བཤེར་ཞིབ་བསྡུར་ནན་ཏན་བྱས་ཏེ་གཅིག་ཤེས་ཀུན་གྲོལ་དང་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ་འབྱུང་རྩ་ནས་གཅིག་མཚུངས་སམ་དེ་དང་འདྲ་བའི་གནད་དོན་ཡང་ཡང་མི་ཐོན་པ་བྱེད་པ་དང་། ལས་བྱེད་པ་འདེམས་སྤྱོད་ལས་དོན་གྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱེད་པ། མི་འདེམས་མི་སྤྱོད་ཀྱི་ལས་དོན་ལ་སྔོན་ནས་ལྟ་སྐུལ་དང་། ལས་དོན་སྒྲུབ་པའི་ཁྲོད་ལྟ་སྐུལ། ལས་དོན་སྒྲུབ་རྗེས་ལྟ་སྐུལ་བྱེད་པ་བཅས་སྦྲེལ་མཐུད་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་འབྲེལ་ཐག་ཆགས་པ་བྱེད་པ་དང་། མི་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། དུས་རབས་གསར་པའི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་འཛུགས་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།