ལིག་ཉིང་གིས་འགོ་མཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། མིག་སྔར། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་སླར་གསོ་བྱས་ན་ཡང་། རིམས་ནད་ཕྱིར་བྱུང་བའི་ཉེན་ཁར་སྣང་ཆུང་བྱེད་མི་རུང་། སྐབས་འདིར་བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་བྱ་བའི་རེ་བ་ལྟར། རིམས་ནད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་ཡང་དག་བྱེད་པ། གཙོ་གནད་འབུར་ཐོན་དང་གཅིག་གྱུར་འཆར་འགོད་བྱེད་པ་དང་། རིགས་བགར་ནས་མཛུབ་སྟོན་དང་ཁུལ་བགར་ནས་སྲིད་ཇུས་སྤྱོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཤུགས་བསྣན་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ལ་དམ་འཛིན་ལྷོད་མེད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཁུལ་དང་རིམ་པ་བགར་ནས་སྔོན་འགོག་ཚོད་འཛིན་བྱས་ནས། མུ་མཐུད་དུ་གཞིས་ཁུལ་དང་སྡེ་བའི་ཞིབ་བཤེར་དང་སྔོན་འགོག་ཚོད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། རྒན་གསོ་དང་རོགས་སྐྱོར། བྱིས་པའི་ཕན་བདེ། འཕྲོད་བསྟེན་སྨན་བཅོས། བཙོན་ཁང་སོགས་དམིགས་བསལ་སྡེ་ཁག་དང་མི་ཚོགས་གཙོ་བོའི་འགོག་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས། ཁེ་ལས་དང་ལས་དོན་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་གཏན་ཁེལ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྔོན་འགོག་ཚོད་འཛིན་གྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་དགོས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བྱིས་གཉོར་ཁང་གི་སློབ་འགོ་ཚུགས་པའི་དུས་ཚོད་རྩ་དོན་སྟེང་མུ་མཐུད་དུ་ཕྱི་བསྣུར་དགོས་པའི་རེ་བ་ལག་བསྟར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། སློབ་འགོ་ཚུགས་པའི་སྔོན་གྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས། མི་སྣ་པེ་ཅིན་དུ་བསྐྱོད་པའི་དོ་དམ་ཚོད་འཛིན་བྱ་བ་གཟབ་ནན་སྒོས་བསྒྲུབ་དགོས། དཔལ་འབྱོར་འཁོར་རྒྱུག་གི་གནས་བབ་ལ་ལྟ་ཞིབ་ཞིབ་མོ་བྱེད་པ་དང་། གཏན་འཇགས་དྲུག་ལ་དམིགས་པ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་ལས་ཚོང་བ་སོགས་ཚོང་རའི་གཙོ་གཞིའི་མདུན་དུ་ལྷགས་པའི་དཀའ་ཀག་གནད་དོན་ཐག་གཅོད་པ། སྟོབས་ཤུགས་ཡོད་རྒུས་ལས་ཞུགས་གཏན་འཇགས་ཡོང་བ་དང་དངུལ་རྩའི་ཞབས་ཞུ། དཀའ་ངལ་ཐག་གཅོད་པ་སོགས་ཀྱི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། བརྟན་བརླིང་ངང་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱས་ཏེ། ཧུར་ཐག་གིས་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིངས་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལིས་ཅེ་ཞང་དང་ཏང་ཙུའུ་ཁོངས་མི་ཡན་ཅིན་ཧའེ། ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།