མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་དམིགས་བསལ་གྱི་ཏང་དངུལ་སྤྱད་དེ་དངོས་ཟོག་ཉོས་ནས་གཞི་རིམ་ཏང་རྩ་འཛུགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱིད་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་གྱིས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཏང་དངུལ་རྩིས་ཁྲར་སྤྲད་པའི་དམིགས་བསལ་ཏང་དངུལ་སྤྱད་དེ་དུག་སེལ་གཤེར་ཁུ་ཏུན104དང་། ཆང་བཅུད་ཏུན80། ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་རས་ཁྲི10བཅས་ཉོས་ནས་གཞི་རིམ་གྱི་འཐབ་ས་དང་པོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་རོགས་སྐྱོར་བྱས་ཡོད།

ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐུགས་ཁུར་དང་དྲོ་སྐྱིད་དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་བསྐྱལ་ནས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱ་ཆེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དེ་དག་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུས་གཅིག་སྡུད་ཐོག་ཉོ་སྒྲུབ་དང་གཅིག་གྱུར་ཐོག་གྲོང་ཁྱེར་དང་ཁུལ་ཁག་ཏུ་སྤྲད་པ་དང་། གྲོང་ཁྱེར་དང་ཁུལ་ཁག་གི་རྩ་འཛུགས་པུས་འཕྲལ་དུ་གཞི་རིམ་ཏང་རྩ་འཛུགས་ལ་སྤྲད་པ་རེད། ཞིབ་ཕྲའི་བཀོད་སྒྲིག་བྱེད་པའི་ཁྲོད《མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་གློ་ཚད་གསར་པའི་རིམས་ནད་ཁུལ་གྱི་རིམ་དབྱེ་གནད་སྨིན་ཇུས་བསྟར་ལས་ཀའི་ཇུས་གཞིའི》ནང་གཏན་འཁེལ་བྱས་པའི་ཡན་ལག་དང་རིམ་པ་དབྱེ་བའི་ཚད་གཞི་གཞིར་བཟུང་གཙོ་གནད་སྔོན་འགོག་ཚོད་འཛིན་རྫོང་དང་གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་རྫོང་བཅས་ལ་གཟིགས་སྐྱོང་འོས་འཚམ་བྱས་ཏེ་ཐོ་འགོད་ནན་པོ་དང་གནད་སྨིན་བགོ་བཤའ་རྒྱག་ཐུབ་པ་བྱས་ཏེ“ངར་ལྕགས་ཡག་པོ་གྲི་ཁའི་ཐོག་སྤྱོད་པར”འགན་ལེན་བྱས་ནས་དགོས་མཁོ་ཆེ་ཤོས་ཀྱི་དངོས་ཟོག་ཆེས་མཁོ་སར་སྤྱོད་ཐུབ་པར་འགན་ལེན་བྱས་པ་རེད།

ཏོག་གསར་གློ་ཚད་ཐོན་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་དང་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་ཧུར་ཐག་ཞུགས་པ་དང་དུས་མཚུངས་དམིགས་བསལ་ཏང་དངུལ་ཧུར་ཐག་སྤྲད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད། བསྡུ་སྤྲོད་བྱས་པའི་དམིགས་བསལ་ཏང་དངུལ་ཐད་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུས་ཏང་དངུལ་བེད་སྤྱོད་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆེད་དངུལ་ཆེད་སྤྱོད་དང་ཡོངས་བསྒྲགས་ཁ་གསལ་གྱི་རྩ་དོན་གཞིར་བཟུང་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།