མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་དང་སློབ་གསོའི་ཁོངས་གཏོགས་ཀྱི་ཏོག་དབྱིབས་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་2པའི་ཚེས་26ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་དང་སློབ་གསོའི་ཁོངས་གཏོགས་ཀྱི་ཏོག་དབྱིབས་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། དྲིལ་བསྒྲགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མིང་གཉིས་ཀྱིས་སོ་སོ་ནས་ལས་ཀའི་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལིག་ཉིང་གིས་བསྟན་དོན། 2019ལོར་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བགྱིས་ཏེ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུར་དམིགས་ནས། ཏང་འཛུགས་སྐྱོང་གི་བསམ་བློའི་བརྟན་ལྷིང་སྲུང་སྐྱོང་དང་། དོ་སྙོམས་མཐུན་སྦྱོར་གྱིས་འཕེལ་རྒྱས། ཀུན་ཕན་ཀུན་ཁྱབ་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ། དབུལ་སྒྲོལ་འགག་གཏོར་ལ་རམ་འདེགས་བྱེད་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ནས་ལས་དོན་འབོར་ཆེན་བསྒྲུབས་པས་ཕན་འབྲས་གསར་པ་བླངས་ཡོད། 2020ལོར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུ་ཡིན་པས། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གསོ་དེང་རབས་ཅན་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐོབ་ཚོར་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།

ཀྲང་ཞི་མིང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་“ལོ70གཉིས”དང་བརྗོད་དོན་གཙོ་བོའི་སློབ་གསོ་གཉིས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པ་བྱས་པས། ལས་དོན་ཁག་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་གསར་པ་བྱུང་ནས། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་རྒྱུའི་ཐད་གོམ་སྟབས་གསར་པ་སྤོས་ཡོད། ལོ་གསར་པའི་ནང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་སྒོ་འབྱེད་བཅས་ཧུར་ཐག་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པར”རྒྱལ་ཁ་ལེན་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།