དབྱང་ཧྥིན་ཁྲུང་གིས་ལུས་རྩལ་མ་ལག་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་ཚུགས་ལ་བརྟག་ཞིབ་གནང་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཉིས་ཀར་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུང་མཚོ་སྔོན་ལུས་རྩལ་འགྲན་བསྡུར་ཚད་ཡོད་ཀུང་སི་དང་། ཞིང་ཆེན་ལུས་རྩལ་རྒྱན་ཤོག་འགྲེམས་སྤེལ་ལྟེ་གནས། མདོ་བ་རྟེན་གཞིའི་གངས་ཤུད་ར་བ། ཞིང་ཆེན་ལུས་རྩལ་སློབ་གྲྭ་བཅས་སུ་བསྐྱོད་དེ་ལུས་རྩལ་མ་ལག་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་དུ་འཛུགས་ཚུལ་ལ་བརྟག་ཞིབ་གནང་། 

བརྟག་ཞིབ་གནང་སྐབས། དབྱང་ཧྥིན་ཁྲུང་གིས་ཡུལ་དངོས་སུ་སྡེ་ཚན་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། སྐབས་བཅུ་དགུ་པའི་མཚོ་སྐོར་འགྲན་བསྡུར་གྱི་གྲ་སྒྲིག་དང་འགྲན་བསྡུར་ཁྲོམ་ར་ཅན་གྱི་སྒྱུར་བཅོས། མདོ་བའི་གངས་ཤུད་ར་བའི་ལས་གཞིའི་ལས་འགོ་བསྐྱར་ཚུགས་ཀྱི་གྲ་སྒྲིག ཞིང་ཆེན་ལུས་རྩལ་སློབ་གྲྭའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་གི་ལས་གཞིའི་འཕེལ་རིམ་སོགས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་ཐེངས་འདིའི་རིམས་ནད་ཀྱིས་མཚོ་སྐོར་འགྲན་བསྡུར་དང་ལུས་རྩལ་རྒྱན་ཤོག་བྲིན་ཚོང་སོགས་ལ་ཐོན་པའི་ཤུགས་རྐྱེན་ལ་དབྱེ་ཞིབ་དང་གཅིག་བསྡུས་སྦྱོང་བརྡར་རུ་ཁག་གི་སྦྱོང་བརྡར་གནས་ཚུལ་ལ་གཟིགས་ཞིབ་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་གཏོང་དགོས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་སྲ་བརྟན་དུ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བསམ་བློ་ལྷུག་ཏུ་མི་གཏོང་བ་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཇེ་ཆུང་དུ་མི་གཏོང་བ་མ་ཟད། བྱ་སྤྱོད་ཧུར་ཐག་སྤེལ་བ་དང་གོ་སྐབས་དམ་འཛིན། རྐྱེན་ངན་གྲོགས་སུ་བསྒྱུར་བ་བཅས་བྱས་ནས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་ལས་ཀ་དང་ཐོན་སྐྱེད་བསྐྱར་དུ་ཚུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བཤད།  

དབྱང་ཧྥིན་ཁྲུང་གིས་བསྟན་དོན། ཚན་རིག་དང་མཐུན་པའི་ངང་དུས་བབ་ལ་བརྡར་ཤ་གཅོད་པ་དང་། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཡིད་ཆེས་ཆེ་རུ་གཏོང་བ། གསར་འབྱེད་གསར་གཏོད་དང་གཙོ་གནད་ལ་དམིགས་པ་བཅས་བྱས་ནས་ལུས་རྩལ་ལས་རིགས་གང་མྱུར་ངང་རིམས་ནད་ཀྱི་སྨུག་རྡུལ་ལས་སྒྲོལ་ཐུབ་པ་བྱས་ཏེ། ཡིག་རྒྱུགས་ཆེན་པོ་འདིའི་ཁྲོད་དུ་སྙིང་སྟོབས་རབ་ཏུ་རྒྱས་པའི་ཡིག་རྒྱུགས་ཡག་པོ་འཕྲོད་ཐུབ་པ་བྱེད་དགོས། མཚོ་སྐོར་འགྲན་བསྡུར་དེ་འཛམ་གླིང་གི་ལས་རིགས་རིམ་པའི་འགྲན་བསྡུར་ལ་རིམ་སྤོར་བྱས་པ་དེ་འགོ་འཛུགས་ས་གསར་པར་བྱས་ནས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རིག་གནས་ཡུལ་སྐོར་དང་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ། འགྲན་བསྡུར་གྱི་སྤུས་ཚད་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྣམ་པ་གསར་པ་གཏོད་དགོས། ལུས་རྩལ་རྒྱན་ཤོག་ཚོང་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་བབ་བསྟུན་ཧུར་ཐག་དང་། བཀོད་སྒྲིག་ལེགས་བསྒྱུར། གོ་སྐབས་དམ་འཛིན། ལམ་བུ་གསར་བ་གཏོད་པ་བཅས་བྱེད་དགོས་པ་དང་། འཆར་འགོད་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལུས་རྩལ་ལས་གཞི་དུས་བཀག་ལྟར་བསྐྱར་དུ་ལས་འགོ་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་མང་པོ་འབུལ་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།