ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་མི་དམངས་སྨན་ཁང་དུ་ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པར་འཚམས་འདྲི་གནང་བ་དང་། འབྲེལ་ཡོད་ཆེད་མཁས་པ་དང་བཞུགས་མོལ་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་བསམ་འཆར་དང་གྲོས་གཞི་ལ་གསན་པ་རེད།
ཁོང་ཡུང་གིས་ཐོག་མར་ཞིང་ཆེན་མི་དམངས་སྨན་ཁང་གི་གསོ་སྦྱོང་རྟེན་གཞིར་ཕེབས་ནས་སྨན་དོན་མི་སྣའི་འགོག་སྲུང་གསོ་སྦྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་རིམས་ནད་བྱུང་རྗེས་རྒྱ་ཆེའི་སྨན་དོན་མི་སྣ་རིམས་ནད་འགོག་རྒོལ་གྱི་འཐབ་ཕྱོགས་དང་པོར་ཞུགས་ནས་ཉམས་སད་དྲག་པོ་བྱས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྨན་པའི་བྱམས་སེམས་ཀྱི་ལས་རིགས་སྙིང་སྟོབས་ལག་ལེན་དུ་བསྟར་ཡོད། ལྷག་པར་དུ་ཁྱབ་ཁོངས་ཁག་གི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པས་ནད་གཞི་ལྕི་མོ་ཕོག་པའི་ནད་པའི་སྨན་བཅོས་དང་རིམས་ནད་ཞིབ་འཇུག་བརྡར་གཅོད་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པས། ཁྱོད་ཚོ་ནི་རིགས་སོ་སོའི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་སྲུང་མཁན་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཏུ་གྱུར་ཡོད་ཞེས་བསྟན། ཁོང་ཡུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཆེད་མཁས་པ་དང་རྒྱ་ཆེའི་སྨན་དོན་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་དང་སྙིང་དབུས་ནས་གུས་འདུད་ཞུས་པ་རེད།
ཁོང་ཡུང་གིས་སྨན་ཁང་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཡུལ་ས་གལ་ཆེན་ཞིག་ཡིན་པས་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཧ་ཅང་ལྕི་བས་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་སླར་གསོ་བྱེད་པ་དང་ཆབས་ཅིག་སྨན་དོན་མི་སྣའི་རང་ངོས་འགོག་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས་པའི་སྟེང་། སྨན་དོན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། བློ་གཅིག་སེམས་གཅིག་གིས་ཞབས་ཞུ་ཡག་པོ་སྒྲུབ་པ། ཁོང་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་བ་བཅས་བྱེད་དགོས་པར་བསྟན་ལ། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་དང་ལས་ཀའི་གྲུབ་འབྲས་ཇེ་བརྟན་དུ་བཏང་ནས་སྐྱོབ་བཅོས་ཀྱི་ཚན་རིག་རང་བཞིན་དང་གནད་ཁེལ་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པར་བསྟན།
དེའི་རྗེས་ཁོང་ཡུང་ཟི་ལིང་གྲོང་ཁྱེར་མེ་འཁོར་འབབ་ཚུགས་དང་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་ས་ཚིགས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་སླར་གསོའི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཁོང་ཡུང་གིས་ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པར་འཚམས་འདྲི་གནང་སྐབས་སྨན་དོན་མི་སྣར་གཅེས་སྐྱོང་བྱས་ནས་སྐྱོབ་བཅོས་ནུས་པ་ཆེ་རུ་བཏང་སྟེ་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་པའི་ནན་བཤད་གནང་བ།