སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》དང་། 《མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་བསྟུན་སྔོན་ཇུས།》 《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཁུལ་དབྱེ་རིམ་དབྱེ་ཡི་གནད་སྨིན་ཇུས་བསྟར་ལས་དོན་ཇུས་གཞི》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཛུབ་སྟོན་རང་བཞིན་གྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་། ཕྱོགས་ཡོངས་ནས་ནད་ཡམས་གཙང་སེལ་དང་། འབྲེལ་བ་ཟབ་མོ་བྱེད་མཁན་ཟུར་འཇོག་ལྟ་ཞིབ་གཙང་སེལ། རིམས་ནད་ཐོན་ཁུལ་གཙང་སེལ། གཙོ་གནད་སྔོན་འགོག་ཚོད་འཛིན་ས་ཁུལ་གཙང་སེལ་བཅས་བྱས་པའི་རྨང་གཞིའི་ཐོག མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འཕེལ་ཚུལ་དང་སྔོན་འགོག་ཚོད་འཛིན་གྱི་དོན་དངོས་ལ་ཟུང་འབྲེལ་གྱིས་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་དཔྱད་དཔོག་གང་ལེགས་བྱས་པ་དང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་ཆེད་མཁས་པ་བློ་འདྲི་ཨུ་ལྷན་གྱིས་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། ཞིང་ཆེན་སྲིད་གཞུང་གིས་2020ལོའི་ཟླ་2ཚེས་26ཉིན་གྱི་ཆུ་ཚོད་12ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་དེ་རིམ་པ་དང་པོའི་སྔོན་འགོག་ཚོད་འཛིན་ནས་རིམ་པ་གསུམ་པའི་སྔོན་འགོག་ཚོད་འཛིན་དུ་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཁྱབ་བཏང་བ་གཤམ་གསལ།
གཅིག བག་ཕེབས་ལྷོད་གཡེང་གི་བསམ་བློ་སྐྱེས་པར་གཟབ་དགོས། ས་གནས་ཁག་དང་སྡེ་ཁག་སོ་སོས་མ་མཐའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཞིང་ཆེན་ཡོངས“མིག་མངས་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ། ནང་འཛུལ་རང་བཞིན་གྱི་ཉེན་ཁར་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོ་དང་། “ཕྱི་ནས་ནང་འཛུལ་དང་ནང་ནས་རྒྱ་ཁྱབ་གཉིས་འགོག་སྲུང”མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་དངོས་ཐོག་བདེན་འཚོལ་དང་བབ་བསྟུན་ཇུས་བསྟར་བཅས་བྱས་ཏེ། བསམ་བློའི་ངོས་འཛིན་ལྷོད་གཡེང་མི་བྱེད་པ་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི་སྟོང་པར་མི་ལུས་པ། སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཇེ་ཞན་དུ་མི་གཏོང་བ། ལས་ཀའི་ཚད་གཞི་ཇེ་དམར་མི་བཟོ་བ་བཅས་ལེགས་པོར་བསྒྲུབས་པའི་སྒོ་ནས་མཐའ་གཅིག་ཏུ་རྒྱལ་ཁ་མ་ཐོབ་བར་དུ་རྣམ་པར་རྒྱལ་ཡོད་ཅེས་གང་བྱུང་དུ་སྨྲ་མི་རུང་།
གཉིས། རིམས་ནད་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། རིམ་པ་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཐོག་མའི་སྨན་བཅོས་བྱེད་མཁན་སྨན་པས་འགན་འཁུར་བ་དང་ཚ་བ་རྒྱས་པའི་ནད་པར་ལྟ་ཞིབ་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། ཚ་བ་རྒྱས་པའི་སྒོ་བསྟེན་སྨན་བཅོས་དང་། སྒོ་རའི་ནང་གི་འགོས་ནད་དོ་དམ། ནད་ཐོག་དངོས་དཔེ་འཚོལ་བསྡུ་སྐྱེལ་འདྲེན། ཚོད་ལྟ་ཁང་དུ་ཞིབ་དཔྱད་ཚད་ལེན་བཅས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་པ་དང་། སྨན་ཁང་ནས་བུད་པའི་ནད་པ་དང་། གཅིག་སྡུད་ཟུར་འཇོག་མཚམས་བཞག་པ་དང་འབྲེལ་བ་དམ་ཟབ་ཡོད་མཁན་ལ་རྗེས་འདེད་འཚམས་འདྲི་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། གཙོ་གནད་གནས་ཡུལ་དང་། གཙོ་གནད་མི་ཚོགས། ལྷག་པར་དུ་གཙོ་གནད་རིམས་ནད་ཁུལ་ནས་མཚོ་སྔོན་ལ་ལོག་མཁན་དང་ཡོང་མཁན་རྣམས་ཀྱི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྙན་ཞུ། སྔ་ཙམ་ནས་ཟུར་འཇོག སྔ་ཙམ་ནས་སྨན་བཅོས་བྱེད་པ་བཅས་སྒྲུབ་དགོས།
གསུམ། གྲོང་གསེབ་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་དགོས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་ཐོན་ཁུངས་ལ་སྤྱི་འདོམས་སྐུལ་སློང་བྱས་ཏེ། སྐྱོབ་བཅོས་ཆེད་མཁས་པའི་འཕྲལ་བསྟུན་དཔུང་ཁག་མྱུར་ཏུ་འཛུགས་པ་དང་། གྲོང་ཚོ་དང་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་དང་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་བ། གྲོང་གསེབ་དང་སྡེ་ཁུལ་གྱིས་གྲལ་བཤེར་ནན་མོ་དང་དྲ་མིག་ཅན་གྱི་དོ་དམ་ལ་མུ་མཐུད་དུ་ཤུགས་བསྣན་པའི་སྒོ་ནས། ཕྱི་ཡོང་མི་སྣའི་འདྲི་རྩད་ཐོ་འགོད་དང་ལུས་དྲོད་ཚད་འཇལ་སོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ཏེ། དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པར་འགན་ལེན་བྱེད་དགོས།
བཞི། ཁེ་ལས་དང་ལས་དོན་སྡེ་ཁག་གི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་དགོས། ཁེ་ལས་དང་ལས་དོན་སྡེ་ཁག་སོ་སོས་ལས་བཟོ་པའི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་མཁོ་ཆས་བཀོད་སྒྲིག་བྱེད་པ། དུས་ལྟར་སྤྱི་པའི་འདུ་གནས་གཙང་ཕྱགས་དང་། རླུང་རྒྱུ་བ། དུག་སེལ་སྲིན་གསོད་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབས་ཏེ། མི་སྣ་འདུ་འཛོམས་ཐལ་དྲགས་པོ་མི་བྱེད་པ་དང་། ས་གནས་ཁག་དང་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག ལས་གཞི་གལ་ཆེན་དང་གཙོ་གནད་ཁེ་ལས་གོ་རིམ་ལྡན་པའི་ངང་ལས་མགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། སློབ་གྲྭ་དང་ཨར་ལས་བྱེད་སར་བཀག་སྡོམ་དོ་དམ་བྱས་ཏེ། ཕྱི་ཡོང་མི་སྣ་གཏན་འགོག་དང་། ཐུན་མོང་བྱེད་སྒོ་ཆེ་གྲས་སྒྲིག་འཛུགས་བྱས་མི་ཆོག
ལྔ། སྨན་དོན་མི་སྣའི་བདེ་ཐང་འགོག་སྲུང་ལ་ཤུགས་སྣོན་དགོས། ས་གནས་ཁག་དང་སྡེ་ཁག་སོ་སོས་སྨན་དོན་མི་སྣར་ཐུགས་ཁུར་གཅེས་སྐྱོང་བྱེད་པའི་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས། སྨན་དོན་མི་སྣའི་སེམས་ཁམས་ཁྲིད་སྟོན་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། རེས་སྐོར་ངལ་གསོ། བསམ་པའི་སྐུལ་ལྕག་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབས་ཏེ། གཏན་འཁེལ་གྱི་སྨན་ཁང་དང་། ཚ་རྒྱས་སྒོ་བསྟེན་སྨན་བཅོས། གཅིག་སྡུད་ཟུར་འཇོག་ལྟ་ཞིབ་ས་ཚིགས་སོགས་འཐབ་ས་དང་པོའི་སྨན་དོན་མི་སྣའི་འགོག་སྲུང་དངོས་རྫས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས། སྨན་དོན་མི་སྣར་རིམས་ནད་འགོས་པར་གཏན་འགོག་དང་། སྨན་དོན་མི་སྣའི་བདེ་ཐང་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས།
དྲུག མང་ཚོགས་མི་སྒེར་གྱི་འགོག་སྲུང་ནུས་པ་ཇེ་ཆེར་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་འགོག་མཉམ་བཅོས་ནང་ཧུར་ཐག་གིས་ཞུགས་ནས་ཕྱི་ཕྱོགས་སུ་བྱེད་སྒོ་སྤེལ་བ་དང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོའི་ནང་ཞུགས་རྒྱུར་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། གནས་སྐབས་གཉེན་ཉེ་དང་གྲོགས་པོ་འདུ་འཛོམས་བྱ་རྒྱུ་ནར་འགྱངས་བྱེད་པ། ཕྱི་རུ་འགྲོ་དུས་ཁ་རས་གྱོན་པ། ལག་པ་བཀྲུ་བ། འཕྲོད་བསྟེན་ལ་བརྩོན་པ། རྒྱུན་དུ་ལུས་ཕུང་སྦྱོང་བ། རྟག་ཏུ་རླུང་རྒྱུ་བར་བྱེད་བཅས་བྱས་ནས། གལ་ཏེ་ཚ་བ་རྒྱས་པའི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། ལྷག་པར་དུ་བོད་རིགས་རང་སྐྱོང་ཁུལ་གྱི་སྤུན་ཟླ་རྣམས་ཀྱིས་སྲོལ་རྒྱུན་དུས་ཆེན་རིང་གི་སྨོན་འདུན་བཟང་པོ་དང་བཀྲ་ཤིས་ཁ་གཡང་རྣམས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་དཔག་བཟང་པོ་དང་བདེ་ཐང་གི་སྨོན་འདུན་བཟང་པོ་ལ་བསྒྱུར་དགོས།
བདུན། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། ས་གནས་ཁག་གིས་རིམས་ནད་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་འདུམ་འགྲིག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་འབྱུང་སྲིད་པའི་གནད་དོན་ཁག་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱས་ཏེ། རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ། མི་ཚོགས་རང་བཞིན་གྱི་དོན་རྐྱེན་བྱུང་བར་ནན་འགོག་བྱེད་པ། མང་ཚོགས་ཀྱི་སེམས་ཁམས་ཁྲིད་སྟོན་དང་ཐེ་ཇུས་ལ་ཤུགས་སྣོན་པ། སྨན་བཅོས་སྒྲིག་ལམ་དང་། ཁྲོམ་རའི་སྒྲིག་ལམ། འགྲིམ་འགྲུལ་སྒྲིག་ལམ་བཅས་རྒྱུན་ལྡན་ཡིན་ཞིང་གོ་རིམ་ཡོད་པར་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་བྱས་ནས། སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས།
བརྒྱད། འཐེན་བཤེར་ཞིབ་བཤེར་ལས་དོན་སྤེལ་ཤུགས་ཇེ་ཆེར་གཏོང་དགོས། ས་གནས་ཁག་དང་སྡེ་ཁག་སོ་སོས་ཁོངས་གཏོགས་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་གསལ་འབེབས་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་དང་། མངོན་བཤེར་ལྐོག་འདྲི། ཁ་པར་འཐེན་བཤེར། ལས་དོན་ཁ་ཆད་གླེང་མོལ། བརྡ་ཁྱབ་དམར་འདོན་སོགས་ཀྱི་བྱ་ཐབས་སྤྱད་ནས་དཔེ་འཐེན་ཞིབ་བཤེར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་འབྱུང་བར་ནན་འགོག་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
དགུ། དུས་བསྟུན་གྱིས་སྔོན་འགོག་ཚོད་འཛིན་གྱི་རིམ་པ་ལེགས་སྒྲིག་བྱེད་དགོས། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་དབྱེ་ཞིབ་བྱས་པ་བརྒྱུད། ཉེན་ཁའི་དཔྱད་དཔོག་གི་གནས་ཚུལ་ལ་གཞིགས་ནས་ཁུལ་དབྱེ་རིམ་དབྱེ་ཡིས་ཡུལ་བསྟུན་ཇུས་བསྟར་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་རིམ་པ་དུས་བསྟུན་གྱིས་ལེགས་སྒྲིག་བྱ་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
2020ལོའི་ཟླ་2ཚེས་25ཉིན།
རྩོམ་སྒྲིག་པ། གསང་བདག་རྒྱལ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང14པ།)