ཡན་ཅིན་ཧེ་ཡིས་ཏ་ཐུང་རྫོང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་གྲང་གཞོན་པ་ཡན་ཅིན་ཧེ་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་དཔས་རིགས་རང་སྐྱོང་རྫོང་དུ་སོང་ནས་སྔོ་ཚད་ཐོན་སྐྱེད་དང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་གཉེར། ལས་ཀ་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་བྱ་བའི་ཐད་ནས་རྟོག་ཞིབ་མཛུབ་སྟོན་བྱས།

ཡན་ཅིན་ཧེ་ཡིས་བསྟན་དོན། ཞིང་ཆེན་གོང་འོག་ཡོངས་ཀྱིས་བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་ལྷོད་གཡེང་མེད་པའི་སྒོ་ནས་རིམས་ནད་སྔོན་འགོག་གི་བྱ་བ་ནན་ཏན་གྱིས་སྒྲུབ་སྟེ་ཤུགས་ཆེན་པོས་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་རིམ་གོ་རིམ་ཡོད་པར་བྱ་དགོས། ཡིག་ཆ་དང་པོའི་དམིགས་འབེན་དངོས་འབེབ་དང་རིམས་ནད་སྔོན་འགོག་གི་དངོས་ཡོད་ཀྱི་དགོས་མཁོར་འཆར་འགོད་ལེགས་པོ་བྱས་ཏེ་སྔོ་ཚད་ཐོན་སྐྱེད་ཀྱི་ནུས་པ་དང་ཐོན་སྐྱེད་ཀྱི་གཞི་རྒྱ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། སྔོ་ཚལ་གྱི་སྤུས་ཚད་དོ་དམ་དང་སྔོ་ཚལ་གསར་བ་ཚོང་རར་བཀྲམ་པར་ཤུགས་སྣོན་བྱས་ཏེ་ཁྲོམ་རའི་མཁོ་འདོན་གྱིས་འདང་བར་རྒྱུན་འཁྱུངས་བྱ་དགོས། ཚད་ལྡན་ཅན་གྱི་ཕག་གསོ་བའི་གསོ་སྤེལ་ལས་རིགས་ལ་རྒྱབ་སྐྱོར་དང་སྒྲིག་ཆས་ལེགས་སྒྲིག་གི་ཆ་རྐྱེན་ཇེ་མགྱོགས་སུ་བཏང་སྟེ་གསོ་སྤེལ་ལས་རིགས་ཀྱི་ཆུ་ཚད་ཚད་ལྡན་ཅན་དུ་གཏོང་དགོས། ཕྱིའི་ཆམ་རིམས་སོགས་སྲོག་ཆགས་ཀྱི་འགོས་ནད་སྔོན་འགོག་དང་རིམས་ནད་དཔྱད་ཞིབ་ཚད་ལེན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ཏེ་ཁྱིམ་བྱ་གསོ་སྤེལ་ལས་རིགས་ཀྱི་བདེ་ཐང་འཕེལ་རྒྱས་ལ་ཁག་ཐེག་བྱ་དགོས། ཞིང་ལས་ཐོན་སྐྱེད་ཐོན་རྫས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་སྣེ་ཁྲིད་བྱས་ཏེ་སྐྱེ་ལྡན་ལུད་རྫས་སོགས་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱ་བ་ལེགས་པོར་སྒྲུབ་སྟེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་བསྐྲུན་བྱེད་པར་ཤུགས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།