ཐེན་ཅིན་ཁྲིན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན།  ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་འགོ་འཛིན་བྱས་ཏེ་ཆེད་དོན་གྲོས་ཚོགས་བསྡུས་ནས་མ་དངུལ་དང་ས་ཞིང་།   ཁོར་ཡུག་གདེང་འཇོག    ནགས་རྩྭ་བཅས་ཀྱི་སྲིད་འཛིན་ཆོག་མཆན་འགན་སྲུང་དང་།  ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།   ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ཐེན་ཅིན་ཁྲིན་གྱིས་སྙན་ཞུར་ཉན་རྗེས་བསྟན་དོན།    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་རིམས་ནད་འགོག་བཅོས་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་ཕྱིར་བཏོན་པ་དང་།     བྱ་བའི་གཙོ་གནད་དང་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་ཡོད་པས།   འབྲེལ་ཡོད་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།  ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཚན་རིག་ལྟར་འགོག་བཅོས་བྱེད་པ།    གནད་ཕིགས་ཇུས་བསྟར་སོགས་ཀྱི་སྤྱིའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས་ལ།     ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ།   ལྷོད་གཡེང་མེད་པར་རིམས་ནད་འགོག་བཅོས་བྱ་བ་དམ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་སྟོབས་ཤུགས་ཡོད་རྒུས་འགན་སྲུང་དང་སྐུལ་འདེད་གཏོང་དགོས་ཟེར།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན།    འབྲེལ་ཡོད་སྡེ་ཁག་གིས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་གཉིས་དམ་འཛིན་བྱེད་པ་དང་།   འཐུས་ཤོར་མེད་པ་གཉིས་དང་སྐུལ་སྤེལ་གཉིས་རྒྱུན་འཁྱོངས་བྱས་ཏེ་རིམས་ནད་འགོག་བཅོས་དམ་འཛིན་བྱེད་པའི་ཞོར་དུ།  ལས་བྱེད་ལས་བཟོ་བའི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན།    གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་།    རིམས་ནད་འགོག་བཅོས་ཀྱི་བླང་བྱ་དང་མཐུན་པའི་བྱེད་ཐབས་སྤྱད་དེ་རྒྱུན་ལྡན་གྱི་བྱ་བ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་དང་།    ལས་འགན་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ།    ཚད་མཐོན་པོའི་སྒོ་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཇེ་དམའ་རུ་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདེངས་དགོས།    སྡེ་ཁག་གི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ་དངུལ་རྩ་དང་ས་ཞིང་འགན་སྲུང་དང་སྨན་བཅོས་ཐད་ཀྱི་བེད་མེད་དངོས་རྫས་དང་བཙོག་ཆུ་ཐག་གཅོད་བྱེད་པ།   རི་སྐྱེས་སྲོག་ཆགས་ཀྱི་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་པ་སོགས་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་དགོས།   ཞིང་ཆེན་ཡོངས་ཀྱི་ལས་གཞི་གཙོ་བོའི་རྩིས་ཁྲ་གསལ་བོར་འགོད་པ་དང་།  རང་འགུལ་ངང་ལས་ཀ་དང་ཐོན་སྐྱེད་སླར་གསོའི་ལས་གཞིར་སྦྲེལ་མཐུད་བྱེད་པ་སོགས་རྒྱུ་རྐྱེན་འགན་སྲུང་ལེགས་སྒྲིག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་གཞི་གཙོ་བོའི་འཛུགས་སྐྲུན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་འགན་སྲུང་བྱེད་དགོས་པ་མ་ཟད།  རང་སྡེ་ཁག་གིས་འགན་ཁུར་བའི་ལས་གཞི་གཙོ་བོའི་འཛུགས་སྐྲུན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་ཐད་ཀྱི་བྱ་བ་སོ་སོ་བཟང་བོར་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།