མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ལྔ་རྒྱལ་ཁབ་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་རྫོང་གི་མིང་ཐོའི་ནང་བདམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་རྫོང50ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་བཅས་རྫོང་ལྔ་མིང་ཐོ་དེའི་ནང་བདམས་ཐོན་བྱུང་ཡོད་པ་རེད།

སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་ལས་དོན་གྱི་དམིགས་ཡུལ་ནི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁ་གསབ་མ་དངུལ་བེད་སྤྱོད་ཀྱི་སྤྱི་ཡོངས་ཕན་འབྲས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁ་གསབ་མ་དངུལ་སྤྱོད་སྟངས་གསར་གཏོད་བྱེད་པ་དང་། མ་དངུལ་གྲབས་གསོག་ཐབས་ལམ་རྒྱ་ཆེར་གཏོང་བ། ཕྱོགས་ཁག་སོ་སོའི་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་བསྐོ་འཐེན་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་གྱི་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། སྐྱེ་ཁམས་ཐོན་རྫས་སྤུས་ལེགས་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་དང་ཁེ་ཕན་རེག་པའི་ས་ཁུལ་གྱི་དགེ་མཚན་ལྡན་པའི་མཉམ་འགུལ་གྱི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུ་དེ་རེད།

ན་ནིང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་དོན་དེ་བཀོད་སྒྲིག་བྱས་པ་ནས་བཟུང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་འགོའི་གྲ་སྒྲིག་གང་ལེགས་བྱས་པ་དང་། ཚོད་ལྟའི་མི་གྲངས་བརྩོན་ལེན་ལ་ཧུར་ཐག་བྱས་པ། ས་གནས་ཁག་གི་སྐྱེ་ཁམས་རྒྱུ་རྐྱེན་མི་འདྲ་བར་ཕྱོགས་བསྡུས་བསམ་གཞིག་བྱས་པ། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལས་དོན་གྱི་རྨང་གཞི་ཅུང་ལེགས་པའི་ས་ཁུལ་སྔོན་ལ་བདམས་པ་མ་ཟད། འབྲེལ་ཡོད་ཐིང་དང་ཅུའུ་ཡི་བསམ་འཆར་བསྡུ་ལེན་བྱས་རྗེས་ཚོད་ལྟའི་རྫོང་དུས་ཐོག་ཏུ་རེ་ཞུ་བྱས་པ་རེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གོམ་སྟབས་རྗེས་མར་ཡུལ་བབ་དང་བསྟུན་པ་དང་གཙོ་གནད་དུ་འཛིན་པའི་རྩ་དོན་གཞིར་བཟུང་སྟེ། ཚོད་ལྟའི་རྫོང་གི་སྣོད་བཅུད་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་ལག་བསྟར་ཇུས་གཞི་བཟོ་རྒྱུར་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་། ཚོད་ལྟའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན། ལོ་གསུམ་ལ་ཚོད་ལྟ་བྱས་པ་བརྒྱུད་རྨང་གཞི་ཡག་པོ་བཏིང་བ་དང་། ཐབས་ལམ་འཚོལ་ཞིབ། ཉམས་མྱོང་གསོག་འཇོག་བཅས་བྱས་ནས་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་གྲུབ་འབྲས་ལྡན་པའི་ངང་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་གྱི་རང་བརྟེན་ནུས་པ་ཆེ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་མཁན་རང་འགུལ་གྱིས་ཟབ་ཞུགས་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བྱས་ནས། གཞི་རྩའི་ཆ་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཛུགས་ཐུབ་པ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།