ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་འགོ་བའི་ས་ཁུལ་འཕྲལ་སྡོམ་རིམ་དབྱེ་ལེགས་སྒྲིག་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་དང་། 《མཚོ་སྔོན་ཞིང་ཆེན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་རྣམ་གྲངས་ལས་དོན་གྱི་ཆེད་དོན་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་སྐོར་གྱི་ཇུས་གཞི》དང་། 《ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁེ་ལས་ཀྱིས་ལས་འགོ་བསྐྱར་ཚུགས་དང་། རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་ཚུགས་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཇུས་གཞི》《བྱ་ཐབས་ནུས་ལྡན་སྤྱད་དེ་ནུས་ཤུགས་ཡོད་རྒུས་ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཁ་གསབ་གཏན་འབེབས》བཅས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་གྲོས་འཆམ་ཡང་བྱུང་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་ཤེས་དགོས་ལ། རང་ཞིང་གི་སྤྱི་པའི་འཕྲོད་བསྟེན་གྱི་རྨང་གཞི་ཞན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཞན་པ། མང་ཚོགས་ཀྱི་བདེ་ཐང་དོ་དམ་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས་པ་སོགས་གཞི་རྩའི་ཕྱོགས་གསུམ་ལ་འགྱུར་ལྡོག་ཕྱིན་མེད་པར་བསམ་བློ་གཏོང་དགོས་པ་དང་། རིམས་འགོ་ས་ཁུལ་གྱི་འཕྲལ་སྡོམ་རིམ་དབྱེ་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སྒྲིག་བྱེད་པ་དང་། འགུལ་མེད་ཀྱི་སྔོན་འགོག་ཚོད་འཛིན་དེ་འགུལ་རྣམ་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། སྔོན་འགོག་ཚོད་འཛིན་གྱི་ཐོན་ཁུངས་དང་སྟོབས་ཤུགས་གཞི་རིམ་དུ་དོན་འཁྱོལ་བཅས་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་བསམ་བློ་ལྷོད་གཡེང་མེད་པ་དང་། ཞིང་ཆེན་ཡོངས་མིག་མངས་སྐོར་གཅིག་གི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ལེགས་སྒྲིག་བྱས་རྗེས་ཀྱི་རིམས་འགོག་མཛུབ་ཁྲིད་བསམ་འཆར་དུས་ཐོག་ཏུ་བཟོས་ནས་ཡོངས་བསྒྲགས་བྱེད་པ་དང་། སྔོན་འགོག་ཚོད་འཛིན་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁ་མཐའ་གཅིག་ཏུ་མ་བླངས་ཚེ་རྒྱལ་ཁ་ཐོབ་པར་གཏན་ནས་མི་བཤད་པར། མགྱོགས་མྱུར་ངང་སྒྲུབ་པ་ལས་ཧོལ་རྒྱུག་བྱེད་མི་རུང་ལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱུང་བའི་གནས་ཚུལ་འོག་ལས་ཀ་སླར་གསོ་དང་། ཐོན་སྐྱེད་སླར་གསོ། སློབ་སྦྱོང་སླར་གསོ་བཅས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། དཀའ་ངལ་དང་འཕྲད་ཚེ་གནད་དོན་ཐག་གཅོད་བྱེད་པ། ཉེན་ཁ་གོ་སྐབས་སུ་སྒྱུར་བ་དང་གདོང་བསུས་ནས་མདུན་དུ་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉིས་བརྩོན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མཐའ་འཁྱོངས་ཀྱིས་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་དང“དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་དང“དཔལ་འབྱོར་གྱི་རྣམ་པ་བཞིའི”སྣེ་ཁྲིད་ལ་དམིགས་ཏེ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་རྣམ་གྲངས་ལས་དོན་གྱི་ཆེད་དོན་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ཀྱི་ཇུས་གཞི་དུས་བསྟུན་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་དགོས། ཁྲིད་ཕྱོགས་གསལ་པོ་འཛུགས་པ་དང་། བྱ་དགའ་དང་ཆད་གཅོད་མཉམ་སྤེལ་བྱེད་པར་དོ་སྣང་། དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་དགའ་དང་ཆད་གཅོད་ཀྱི་ཕན་ནུས་འདོན་སྤེལ་བཅས་བྱས་ཏེ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ་དང་ལས་གཞིའི་ལས་དོན་དམ་འཛིན་དང་སྐུལ་སྤེལ་ཏན་ཏིག་བྱ་དགོས། སྲིད་ཇུས་སྦྲེལ་མཐུད་ཡག་པོ་བྱེད་པ་དང་དམིགས་ཚད་མ་ལག་ཇེ་ལེགས་སུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འགན་འཁྲི་འཁུར་ཕོད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གིས་གཏོད་དགོས།
ཚོགས་འདུའི་ཐོག་བསྟན་དོན། གཅིག་གྱུར་ལྟ་སྐུལ་མཛུབ་ཁྲིད་ཀྱིས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་། རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་ཚུགས་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་དང་སྤེལ་བཞིན་པའི“མི་སྣ་གསོ་སྦྱོང་ཆེ་མོ་དང་། ལས་གནས་དམག་སྦྱོང་ཆེན་པོ། ཁོར་ཡུག་བཅོས་སྒྲིག་ཆེན་པོ”བཅས་ཀྱི་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་རྒྱུན་གཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། གནད་སྨིན་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ནན་དུ་གཏོང་བ། ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱེད་པ་དང་། ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཐད་ཤུགས་རྒྱག་པ། ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་སྔོན་དཔག་བརྟན་པོ་ཡོང་བ་བྱེད་པ། རིམས་ནད་ལས་བྱུང་བའི་རྡབ་རྡེག་དང་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བཅས་བྱེད་དགོས།
ཚོགས་འདུའི་ཐོག རིམས་ནད“གྲང་འཁྱགས”ཀྱི་དུས་ཚོད་ནང་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་དཀའ་ངལ་གྱི་མདུན་དུ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་ཁེ་ལས་ཆེ་འབྲིང་ཆུང་གསུམ་སོགས་ཁྲོམ་རའི་བྱེད་པོདཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་བྱེད་དགོས་པའི་ནན་བཤད་བྱས་པ་རེད། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་རིགས་ཁག་གི་སྲིད་ཇུས་གང་ལེགས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སྤྱི་ཡོངས་ནས་ཡག་པོ་སྒྲུབ་དགོས།
ཚོགས་འདུ་དེ་བརྙན་ལམ་ཚོགས་འདུ་རྣམ་པས་འཚོགས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་ཚོགས་ཆུང་ཨང28པའི་ཁོངས་མི་ཡོངས་ཀྱིས་ཚོགས་འདུར་མཛུབ་ཁྲིད་གནང་བ་རེད། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་པ།