མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔོན་རྩིས་གྲུབ་འབྲས་དོ་དམ་ལ་ཤུགས་བསྣན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་མ་དངུལ་བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཉེ་ལམ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་མ་དངུལ་གྱི་གྲུབ་འབྲས་དོ་དམ་བཟང་བོར་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་མ་དངུལ་གྱི་གྲུབ་འབྲས་དོ་དམ་ཁྱབ་ཁོངས་དང་རྗེས་འདེད་ལྟ་རྟོག གྲུབ་འབྲས་དཔྱད་འཇོག་སོགས་ཐད་ནས་གཏན་ཁེལ་ནན་མོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་མ་དངུལ་གནད་ལ་འཁེལ་བའི་སྒོ་ནས་གཏོང་བ་དང་དོ་དམ་བཟང་བོ་བྱེད་པ། བཀོལ་སྤྱོད་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པའི་ཞོར་དུ། མི་དམངས་མང་ཚོགས་ལ་རྩིས་ཐོ་གསལ་བོ་ཞིག་སྤྲོད་དགོས་ཟེར།

བརྡ་སྦྱོར་ལས་བསྟན་དོན། གྲུབ་འབྲས་དོ་དམ་གྱི་ཁྱབ་ཁོངས་ཐད་ནས། ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་མ་དངུལ་ལ་གོ་རིམ་ཧྲིལ་བོའི་གྲུབ་འབྲས་དོ་དམ་ལག་བསྟར་བྱེད་དགོས། དེའི་ཁྲོད་གཙོ་བོར་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐད་ཀར་འབྲེལ་བ་ཡོད་པའི་སྨན་བཅོས་འཕྲོད་བསྟེན་འགན་སྲུང་མ་དངུལ་དང་། རིམས་ནད་ལ་ཁ་གཏད་འཇལ་ཆེད་བཀོད་སྒྲིག་བྱས་པའི་ཁེ་ལས་འབྲིང་ཆུང་གི་གཏན་འཇགས་ཐོན་སྐྱེད་དང་ཚོང་གཉེར་ལ་རྒྱབ་སྐྱོར་བྱེད་པའི་རིགས་མི་འདྲ་བའི་ནོར་སྲིད་ཁ་གསབ་མ་དངུལ་སྣ་ཚོགས། ནོར་སྲིད་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་ལྔ་ཡི་རེ་བ་ལྟར་བཀོད་སྒྲིག་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྐྱེད་མེད་དངུལ་བུན། རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བའི་མ་དངུལ་གཞན་པ་བཅས་འདུ་ཟེར།

གྲུབ་འབྲས་དོ་དམ་བྱེད་པའི་གོ་རིམ་ཐད་ནས། བྱ་བའི་སྔོན་དང་བྱ་བ་བསྒྲུབ་པའི་གོ་རིམ་ཁྲོད། བྱ་བའི་རྗེས་ཀྱི་ཁྱད་པར་ཅན་གྱི་ལྟ་སྐུལ་དོ་དམ་ལག་བསྟར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་མ་དངུལ་བདེ་འཇགས་དང་ཕན་ལྡན་སྒོས་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས། བྱ་བའི་སྔོན་གྱི་གྲུབ་འབྲས་དོ་དམ་སྟབས་བདེ་རུ་བསྒྱུར་བ་དང་། མ་དངུལ་སྟེར་བའི་ལས་ཆོད་མཐོར་འདེགས་གཏོང་བ་དང་བྱ་བ་བསྒྲུབ་པའི་སྐབས་ཀྱི་རྗེས་འདེད་ལྟ་རྟོག་ལ་ཤུགས་བསྣན་ནས། མ་དངུལ་བཀོལ་སྤྱོད་ཚད་ལྡན་དུ་བསྒྱུར་བ་དང་བྱ་བའི་རྗེས་ཀྱི་གྲུབ་འབྲས་དཔྱད་འཇོག་ལག་བསྟར་བྱེད་པ་དང་། འཕྲལ་བསྟུན་མ་དངུལ་དོ་དམ་འཐུས་ཚང་དུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།