ཐེན་ཅིན་ཁྲིན་གྱིས་ཧོང་ཡོན་རྫོང་དང་མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་སོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་སྔ་གཞུག་ཏུ་ཧོང་ཡོན་རྫོང་དང་མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བཅས་སུ་སོང་ནས། ཡུལ་དངོས་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོ་གོ་རིམ་ལྡན་པའི་ངང་སྤེལ་བ། རི་སྐྱེས་སྲོག་ཆགས་ཀྱི་དོ་དམ་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པ་བཅས་ཀྱི་ཐད་རྟོག་ཞིབ་མཛུབ་སྟོན་བྱས།

ཐེན་ཅིན་ཁྲིན་གྱིས་ཧོང་ཡོན་རྫོང་གིས་ཉི་ཟླ་ཤ་གསོ་སྤེལ་ར་བ་དང་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དགོ་བའི་སྲུང་སྐྱོང་ས་ཚིགས་སུ། རི་སྐྱེས་སྲོག་ཆགས་གསོ་སྤེལ་ར་བ་དང་སྲོག་སྐྱོབ། རིམས་ནད་འབྱུང་ཁུངས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་ལམ་ལུགས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་ཤུགས་སྣོན་པ། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་གི་བྱ་བར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་ འགན་ལེན་ནུས་ལྡན་བྱེད་དགོས། མཚོ་སྔོན་པོའི་གླང་ཆེན་མཆེ་བ་མཛེས་ལྗོངས་ས་ཁུལ་དུ། ཐེན་ཅིན་ཁྲིན་གྱིས་མཛེས་ལྗོངས་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡུལ་སྐོར་ལས་སྒོ་སླར་གསོའི་བཀོད་སྒྲིག་ལ་ཞིབ་ཉན་བྱས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་གཞི་བཟོ་བ་དང་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནུས་ལྡན་བྱས་ནས། རྨང་གཞིའི་ལས་དོན་སྔ་མོ་ནས་ཡག་པོ་བསྒྲུབས་ཏེ། མཛེས་ལྗོངས་ས་ཁུལ་གྱི་སྒྲིག་སྲོལ་དང་བདག་གཉེར་སླར་གསོའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།