མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས། གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། རྒྱལ་ཡོངས་ཚན་རྩལ་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བཅས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཉིས་སྟོང་བཅུ་དགུ་ལོའི་བྱ་བར་སྤྱི་སྡོམ་དང་ད་ལོའི་བྱ་བར་བཀོད་སྒྲིག་ཞིབ་ཚགས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་སོ་སོར་བྱ་བའི་ངོས་ནས་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ནན་ཏན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ། ཚན་རིག་ལག་རྩལ་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ནས། གསར་གཏོད་རྣམ་པའི་ཞིང་ཆེན་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། ཉིས་སྟོང་ཉི་ཤུ་ལོར་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་དོན་གྱིས་ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དེ་རྩ་བའི་གཞི་འཛིན་སར་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུར་དམིགས་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ། ཚན་རིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཐོག་མཐའ་བར་གསུམ་ཀུན་ལ་གསར་གཏོད་ཀྱི་སྤྲོ་སེམས་རྒྱུན་འཁྱོངས་བྱེད་པ། “དཔེ་སྟོན་ཞིང་ཆེན་ལྔ”དང“དཔལ་འབྱོར་གྱི་རྣམ་པ་བཞིའི”སྒུལ་ནུས་གསར་པ་མགྱོགས་མྱུར་སྒོས་སྐྱེད་སྲིང་བྱེད་པ་བཅས་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་ཚན་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་མ་ལག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་བདེན་གནས་དོན་གཉེར་དང་གསར་གཏོད་བྱེད་ཕོད་པ། ལག་རྩལ་མཁྲེགས་གཏོར་དང་རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་ཞིབ་འཇུག་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཉིས་སྟོང་ཉི་ཤུ་ལོར་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ལས་སྟེགས་འཛུགས་སྐྲུན་དང་རྨང་གཞིའི་ཞིབ་འཇུག རང་བདག་འཚར་ལོངས། ཤེས་ལྡན་མི་སྣ་སྐྱེད་སྲིང་། སྒྲིག་སྲོལ་གསར་གཏོད། སྐྱེ་ཁམས་ལེགས་བཅོས། གྲུབ་འབྲས་གཞན་སྒྱུར་སོགས་ཐད་ཤུགས་ཆེན་པོ་རྒྱག་པ། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཀོལ་སྤྱོད་གསུམ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཚན་རྩལ་གསར་གཏོད་དང་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ཐབས་ཇུས་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གསར་པ་བསྐྲུན་རྒྱུར་སྟོབས་དང་ལྡན་པའི་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཀྲང་ལིས་ཀྱིས་གཏམ་བཤད་ཁྲོད་ན་ནིང་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་དོན་གྱིས་བླངས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས། མིག་སྔའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པར་མ་ཟད། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན། ཁོ་མོས་ནན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་ཀྱི་འགོ་འཛུགས་ལོ་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་མ་ལག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གི་བྱ་བའི་བླང་བྱ་གཞིར་བཟུང་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བྱ་བའི་ཁ་ཕྱོགས་ལ་གོ་བ་མ་ནོར་བ་ལེན་པ། གཙོ་གནད་མངོན་གསལ་དོད་པོ་བྱེད་པ། འགག་རྩ་དམ་འཛིན་བྱེད་པ། གོ་སྐབས་དམ་འཛིན་བྱེད་པ། རང་འགུལ་ངང་མཉམ་འདྲེས་བྱེད་པ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཚན་རྩལ་གསར་གཏོད་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་རིམ་པ་མཐོ་བའི་ཇུས་འགོད་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱེད་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་སྲོག་ཤིང་ལག་རྩལ་མཁྲེགས་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་མཐུད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། རང་འགུལ་ངང་མཉམ་འདྲེས་ཧུར་ཐག་བྱས་ཏེ། མཉམ་འགུལ་མཉམ་ལས་ལ་ཤུགས་སྣོན་པ། གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྤྱོད་ལམ་རྒྱུན་མཐུད་འགྱུར་ལྡོག་གཏོང་བ། སྲིད་དོན་གཙང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་དོན་གྱི་ལེའུ་གསར་པ་ཧུར་ཐག་སྒོས་རྩོམ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།