མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་འཚོགས་ཤིང་ཝང་ཅན་ཅུན་གྱིས་བྱ་བའི་རེ་བ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་2པའི་ཚེས་24ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་རེད། ཚོགས་འདུ་མ་འཚོགས་གོང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་རྩ་འཛུགས་ལས་དོན་ཐད་བླང་བྱ་བཏོན་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།

ཝང་ཅན་ཅུན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱིས་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཁྲོད་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ལས་བྱེད་པ་སྦྱོང་བརྡར་བྱེད་པའི་ཁྲོད་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣ་སྐོང་འགུག་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། ལས་དོན་ཁག་ཡག་པོ་བསྒྲུབས་པ་བཅས་བྱས་པས་ཞིང་ཆེན་ཨུ་ལྷན་གྱིས་རྩ་འཛུགས་ལས་དོན་ལ་ཁས་ལེན་དང་བློ་ཡིད་ཚིམ་པོ་བྱུང་ཡོད་ཅེས་བསྟན་པ་རེད།

ཝང་ཅན་ཅུན་གྱིས་ནན་གསུང་གནང་དོན། ཆབ་སྲིད་ལས་འགན་ལ་དམིགས་ནས་རྩ་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས” སྒྲུབ་ཐུབ་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་དམིགས་ནས་རྩ་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྒྱུན་གཏན་གྱི་ཞིབ་འཇུག་བྱ་གཞི་དང་། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ལ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་པ་གཙང་མ། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་སྐྱེད་སྲིང་བྱ་རྒྱུར་དམིགས་ནས་རྩ་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ། ན་གཞོན་ལས་བྱེད་པ་དང་། བུད་མེད་ལས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཅས་གསོ་སྐྱོང་དང་། གདམ་གསེས་བཀོལ་སྤྱོད། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་བཅས་ཀྱི་ལས་དོན་སྤྱི་འདོམས་ཀྱིས་ལེགས་པོར་བསྒྲུབ་དགོས། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆར་དམིགས་ནས་རྩ་འཛུགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཏང་གི་དར་ཆ་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས། ཤེས་ལྡན་མི་སྣའི་ལམ་ལུགས་དང་སྲིད་ཇུས་གསར་གཏོད་མགྱོགས་སུ་གཏོང་རྒྱུར་དམིགས་ནས་རྩ་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བེད་སྤྱོད། ནང་འདྲེན་བཅས་བྱས་ནས་མཚོ་སྔོན་གསར་པ་མཉམ་སྐྲུན་བྱེད་དགོས། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་རྩ་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཆབ་སྲིད་ལ་དང་དོད་དང་། དྲང་བདེན་གཙིགས་འཛིན། ལས་སྒོར་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་དཔེ་སྟོན་སྡེ་ཁག་ཧུར་ཐག་གིས་འཛུགས་སྐྱོང་བྱ་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།