ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་ཤིས་མིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཧུར་ཐག་གིས་མང་ཚོགས་ལ་ཁྲིད་སྟོན་དང་མང་ཚོགས་ལ་ཞབས་འདེགས་ཞུས་ནས“ཕྱོགས་གཉིས་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བར”དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་ལྷན་དུ་བརྟག་ཞིབ་གནང་བ་རེད།
རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་ཀྲང་ཤིས་མིང་གིས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས“ཕྱོགས་གཉིས་ཀ་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བའི”དྲིལ་བསྒྲགས་ཁྲིད་སྟོན་གྱི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་མ་ཟད། འཐབ་ཕྱོགས་དང་པོའི་བཅར་འདྲི་དང་རྩོམ་སྒྲིག་མི་སྣས་ཡུལ་དངོས་སུ་སྦྲེལ་མཐུད་བྱེད་པར་ཉན། ཧེ་ཡན་རྫོང་སན་ཅོ་གྲོང་སྡེ་ཁུལ་དུ་ཁོང་གིས་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་དང་བླངས་པའི་ཞབས་ཞུའི་དཔུང་ཁག་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་མིག་གཞི་རིམ་དུ་ཁྱབ་པར་བྱེད་པའི་བྱེད་ཐབས་ལ་ཞིབ་ཕྲའི་ཤེས་རྟོགས་གནང་བ་རེད།
ཀྲང་ཤིས་མིང་གིས་མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་པར་ཁས་ལེན་གང་ལེགས་གནང་བ་དང་། ས་གནས་དེ་གའི་དོན་དངོས་ལ་གཞིགས་ནས་ལྟེ་གནས་གཉིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་དང་ཕན་འབྲས་ལ་སྐུལ་འདེད་བཏང་བ་རེད། ཁོང་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་རབ་དང་རིམ་པའི་བླང་བྱ་གཞིར་བཟུང་གསར་འགྱུར་དྲིལ་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན་གྱི་ལས་དོན་ཡག་པོར་སྒྲུབ་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་དང་གསལ་འགྲེལ་ཡག་པོ་བྱེད་དགོས་ལ། “ལྟེ་གནས”གཉིས་ནི་གཞི་རིམ་བསམ་བློའི་འཐབ་ཕྱོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཅིག་ཡིན་པས། “ཕྱོགས་གཉིས་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བར་སྐུལ་འདེད་གཏོང་བའི་”ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་སྔོག་འདོན་གཏིང་ཟབ་བྱེད་དགོས་པ་དང་། རིམས་འགོག་འཐབ་ཕྱོགས་དང་པོའི་མི་སེམས་འགུལ་བའི་བྱས་རྗེས་དང་ཉེ་འགྲམ་གྱི་དོན་བཟང་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ཏེ་ཏང་དང་མི་དམངས་ལ་གྲུབ་འབྲས་ཡག་པོ་ཞིག་བསྐྲུན་དགོས་པ་ནན་གྱིས་བསྟན། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ནི་གཞི་རིམ་གྱི་“ཕྱོགས་གཉིས་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བའི”གཡུལ་ས་གལ་ཆེན་ཞིག་ཏུ་འགྱུར་བར་སྐུལ་འདེད་བྱེད་དགོས།