ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཚན་རྩལ་གསར་གཏོད་འཆར་འགོད་ཀྱི་དམིགས་ཚད་གཙོ་བོ12ནང་ཤེས་བྱ་སྣ་མང་ཅན་གྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་དང་། མི་ཁྲི་རེའི་ནང་གསར་གཏོད་ཆེད་སྤྱོད་ཁེ་ཕན་བེད་སྤྱོད་ཚད། ཚན་རྩལ་རང་བཞིན་གྱི་ཁེ་ལས་ཀྱི་གྲངས་འབོར། རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་ཀྱི་གྲངས་འབོར་བཅས་ཀྱི་དམིགས་ཚད4སྔ་སྣུར་དུ་ལེགས་གྲུབ་བྱུང་བ་དང་། ཕྱོགས་བསྡུས་ཚན་རྩལ་ཡར་ཐོན་གྱི་སྟོན་གྲངས་སྔོན་དཔག་བྱས་ན45.7ལ་སླེབས་པ་དང་། ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་སྔོན་དཔག་བྱས་ན་བརྒྱ་ཆའི54ལ་སླེབས་ཡོད།
ལོ་རེར་ཆུ་མེད་ཁིལ་འགྱུར་ལིས་ཏུན5000དང་། ལྕགས་རིགས་ལིས་ཏུན1000ཐོན་སྐྱེད་བྱེད་པའི་དཔེ་སྟོན་མ་ལག་བསྐྲུན་པས་ལྕགས་རིགས་ལིས་ཐོན་ནུས་རྒྱལ་ཡོངས་ཀྱི་ཨང་དང་པོ་ལ་སླེབས། དུས་ཡུན་ལོ་ངོ5ཡི་རིང་མཚོ་སྔོན་ཞིང་ཆེན་འོད་ཤུགས་ལས་གཞི་ལག་རྩལ་ཞིབ་འཇུག་ལྟེ་གནས་བསྐྲུན་ནས“ལྗང་གློག་ཉིན་15”དང་ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱ་རྒྱུར་འདེགས་སྐྱོར་གལ་ཆེན་བྱས་པས། མཚོ་བོད་ས་མཐོའི་སྐྱེ་དངོས་ཚན་རྩལ་ཕྱོགས་བསྡུས་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱས་ཏེ་དབྱར་རྩྭ་དགུན་འབུའི་ས་བོན་གྱི་ཐོན་ཁུངས་གྲངས་གཞིའི་མཛོད་ཀྱི་དྲ་རྒྱ་མཉམ་སྤྱོད་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་། སྤྲི་དཀར་མཐོ་བ་དང་། ཕོར་འདུས་མངར་ཆ་མཐོ་བའི་ནད་འབུའི་གནོད་འཚེ་འགོག་པ་སོགས་ཡུག་པོའི་རིགས་རྒྱུད་གསར་པ5འདེམས་གསོ་བྱས་ནས་སྣ་ཁ་གསར་པ6གསོ་སྐྱོང་བྱས་པ་སོགས2019ལོར་ཞིང་ཆེན་ཚན་རྩལ་ཐིང་གིས་ཚན་རྩལ་འཆར་གཞིའི་རྣམ་གྲངས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་མ་ལག་གི་བཀོད་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། གསར་གཏོད་ལས་གཏོད་ཀྱི་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ལག་ལེན་དུ་བསྟར་ནས་ལྗང་མདོག་ལག་རྩལ་གསར་གཏོད་མ་ལག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཡོད།
གཞན་ཡང་ཞིང་ཆེན་ཚན་རྩལ་ཐིང་གིས་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་གྱི་ལེགས་ཆའི་རིག་ཚན་ཁྱབ་ཁོངས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ། 《རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》གཏན་འབེབས་བྱས་ཏེ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་རྒྱུན་འཁོར་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་སྔོན་དཔག་ལྟར་ན་བརྒྱ་ཆའི54ལ་སླེབས་ཡོད་པ།