མཚོ་སྔོན་མདོ་ལ་རྫོང་གི“འོས་འགན་སྐྲ་བཞར”གྱི་དང་བླངས་པ་རིམས་འགོག་གི་འཐབ་ས་དང་པོར་བསྐྱོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང“གསར་གཉིས”རྩ་འཛུགས་ཏང་འཛུགས་སྐྱོང་མནའ་འབྲེལ་གྱིས“འོས་འགན་སྐྲ་བཞར་གྱི་འགན་འཁུར། མཉམ་དུ་རིམས་ནད་འགོག་རྒོལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། སྐྲ་བཞར་མཁན་མང་པོ་ཞིག་གིས་རིམས་འགོག་གི་འཐབ་ས་དང་པོར་བསྐྱོད་དེ་མཐའ་སྲུང་ཞིབ་དཔྱད་ཚད་ལེན་ས་ཚིགས་དང་ཤང་དང་གྲོང་རྡལ་གྱི་ཕྱིར་ལོག་ཁ་ཏ་ས་ཚིགས་ཀྱི་སྨན་དོན་མི་སྣ་དང་། ཉེན་རྟོག་པ། ལས་བྱེད་པ། མང་ཚོགས་སོགས་ལ“བསམ་པའི་ཉམས་འགྱུར་བཟང་པོ”མངོན་པར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རམ་འདེགས་བྱས་པ་རེད།

དང་བླངས་པ་གཡང་འཚོ་སྐྱིད་ཀྱིས“རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཀྱི་ལ་ལས་ལས་གནས་སྲུང་བ་དང་ལ་ལས་དངུལ་ཞལ་འདེབས་བརྒྱབ་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་མཐོང་དུས། རང་ཉིད་སྐྲ་བཞར་མཁན་ཞིག་ཡིན་པའི་ངོས་ནས་རིམས་འགོག་ཆེད་བྱ་བཟང་ཞིག་སྒྲུབ་འདོད་འདུག ད་ཆ་གོ་སྐབས་གཞི་ནས་རག་བྱུང”ཞེས་བཤད།

ཟླ2པའི་ཚེས13ཉིན་གྱི་ཉིན་དགུང་། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་མཐའ་མཚམས་སུ་གནས་པའི་མཁར་དམར་གྲོང་རྡལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཞིབ་བཤེར་ས་ཚིགས་ཀྱི“གསར་གཉིས་འོས་འགན་སྐྲ་བཞར”གྱི་དང་བླངས་རུ་ཁག་གི་སྐོར་སྐྱོད་འོས་འགན་སྐྲ་བཞར་ཁང་ལས་འགོ་བཙུགས་ཤིང་། སྐར་མ་བཅུ་ཙམ་རིང་སྨན་དོན་མི་སྣ་དང་མི་དམངས་ཉེན་རྟོག་པ20ལྷག་ཙམ་གྱིས་བང་བསྒྲིགས་ནས་སྒུག་བཞིན་ཡོད།

དང་བླངས་པ་ཚོས་བློ་རྩེ་གཅིག་སྒྲིམ་ངང་སྐྲ་བཞར་བ་དང་དུས་མཚུངས། ལས་དོན་མི་སྣ་དང་ཅི་འཕྲོས་མོལ་འཕྲོས་ཀྱང་བྱས་པས་ཞིབ་བཤེར་ས་ཚིགས་ནས་དགོད་སྒྲ་ལྷང་ལྷང་དུ་གྲགས།

“སྨན་དོན་མི་སྣ་དང་མི་དམངས་ཉེན་རྟོག་པས་མཉམ་དུ་སྐྲ་བཞར་བ་ནི་ཐེངས་དང་པོ་ཡིན”ཞེས་ཞིབ་བཤེར་ས་ཚིགས་ཀྱི་ལོ་རབས་དགུ་བཅུའི་ནང་སྐྱེས་པའི་འཕྲོད་བསྟེན་སྡེ་ཚན་གྱི་སྨན་དོན་མི་སྣས་སྐྲ་བཞར་མ་ཐག་པའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་དགའ་ཚོར་ཆེན་པོས“འདི་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཞིབ་བཤེར་ས་ཚིགས་ཀྱི་དྲོ་སྐྱིད་ཆེ་ཤོས་ཀྱི་དུས་ཤིག་རེད། སྐྲ་བཞར་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

“རིམས་ནད་ཐོན་ཚུན། འཐབ་ས་དང་པོའི་སྔོན་འགོག་ཚོད་འཛིན་མི་སྣ་དུས་ཐོག་ཏུ་ཁྱིམ་དུ་ལོག་ཁོམ་མེད་ལ། སྐྲ་གཞར་བའི་དུས་ཚོད་དེ་བས་ཀྱང་མེད། ཁོང་ཚོས་ཁྱིམ་ཆུང་དོར་ནས་རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུ་ཡི་ཡོད། ཁོང་ཚོའི་སྐྲ་བཞར་རྒྱུ་བྱུང་བ་ནི་ངའི་གཟི་བརྗིད་ཅིག་ཡིན”ཞེས་དང་བླངས་པ་ཧའུ་ཧའེ་ཕིང་གིས་བཤད།

བྱེད་སྒོ་ཉིན་གསུམ་བསྟུད་མར་སྤེལ་ཞིང་། “གསར་གཉིས་སྐྲ་བཞར་འོས་འགན”དང་བླངས་རུ་ཁག་གིས་འཐབ་ས་དང་པོའི་ཏང་ཡོན་དང་མང་ཚོགས300ལྷག་ཙམ་ལ་སྐྲ་བཞར་བ་མ་ཟད། རིམས་འགོག་དམག་འཐབ་མཇུག་མ་འགྲིལ་བར“འོས་འགན་སྐྲ་བཞར”གྱི་དང་བླངས་ཞབས་འདེགས་མུ་མཐུད་ཞུ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།