ལིག་ཐོ་ཡིས་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐོ་ཡིས་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་ལས་འགན་གཏན་ཁེལ་བྱེད་པ། གཅིག་གྱུར་སྒོས་ལག་བསྟར་བྱས་ནས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ད་ལོར་བཀོལ་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

ལིག་ཐོ་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་པེ་ཁྲོན་བཟོ་ལས་ར་བའི་ཁུལ་གྱི་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་བྱེད་ས་རུ་སོང་ནས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དེ་མཚོ་སྔོན་གྱི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གནང་དོན་གལ་ཆེན་དུ་བརྩིས་ནས། འབྲེལ་ཡོད་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། རེ་བ་གསལ་བོ་བཏོན་ཟེར།

ཁོས་ནན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་གཏན་འཇགས་ངང་ཇེ་བཟང་དུ་འགྲོ་བཞིན་ཡོད་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་ཚོང་ལས་གཉེར་འགོ་རྩོམ་པ་དང་ལས་གཞི་གཙོ་བོ་བསྐྱར་ལས་བྱེད་པའི་བྱ་བའི་བཀོད་སྒྲིག་རེ་བ་ལྟར། བྱ་བ་སྣ་ཚོགས་བརྟན་བརླིང་ངང་བསྒྲུབ་དགོས། ཟི་ལིང་གྲོང་ཁྱེར་གྱིས་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས་འགན་ནུས་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། བདེ་འཇགས་ཁག་ཐེག་བྱེད་པའི་སྔོན་འགྲོ་འོག ལས་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་སོ་སོའི་སྟོབས་ཤུགས་དང་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ལམ་ལུགས་འཛུགས་སྐྲུན་དང་དཔུང་སྡེ་འཛུགས་སྐྲུན། ལས་གཞི་འཛུགས་སྐྲུན་བཅས་མཉམ་དུ་ལག་བསྟར་བྱས་ནས། ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་དགོས། འགྲིམ་འགྲུལ་ལམ་དྲའི་གྲུབ་ཚུལ་དང་འཛུགས་སྐྲུན་མ་དངུལ་གྲབས་གསོག རྨང་གཞི་སྒྲིག་ཆས་ཆ་སྡེབས་སོགས་འགན་སྲུང་བྱ་བར་ཕྱོགས་བསྡུས་མཐུན་སྦྱོར་བྱེད་པ། འཛུགས་སྐྲུན་ཆུ་ཚད་དང་འཕེལ་རྒྱས་ནུས་རིམ་མཐོར་འདེགས་བཏང་སྟེ། ཚད་གཞི་མཐོན་པོའི་འཆར་འགོད་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། ཕྱོགས་གཅིག་ནས་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་དང་ཕྱོགས་གཅིག་ནས་ཚོང་བསྡུ་ལ་དམ་འཛིན་བྱེད་པའི་འདུ་ཤེས་འཛུགས་པ་དང་། ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་སྤུས་ལེགས་ཁེ་ལས་དང་ལས་གཞི་གཙོ་བོ་ནང་འདྲེན་བྱེད་པ་སོགས་ཚོང་འགུག་ཚོང་གཏམ་བྱ་བར་འཆར་འགོད་བཟང་བོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།