རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་ཆ་འཕྲིན་སྙན་ཞུའི་ལས་དོན་ལ་བསྟོད་བསྔགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས18ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་ལས་ཐིང་གིས་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཆ་འཕྲིན་སྙན་ཞུའི་གསོ་སྦྱོང་བརྙན་ལམ་ཚོགས་འདུ་འཚོགས་ནས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཆ་འཕྲིན་སྙན་ཞུ་དང་རིམས་ནད་དྲ་རྒྱའི་ཐོག་ཐད་ཀར་སྙན་སེང་ཞུ་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཐད་བཀོད་སྒྲིག་བྱས། ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གྲངས་གཞིའི་ཆ་འཕྲིན་སྙན་ཞུ་དུས་ཐོག་དང་འཁྲུལ་མེད་ངང་ཕུལ་བར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བ་དང་རྒྱལ་ཁབ་རིམས་ནད་འགོག་སྲུང་ལྟེ་གནས་ཀྱི་ཆེད་མཁས་པའི་བསྔགས་བརྗོད་དང་ཁས་ལེན་ཐོབ། 

ཟླ1པོའི་ཚེས20ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཅིག་གྱུར་བླང་བྱ་ལྟར། ཏོག་གསར་གློ་ཚད་རིམས་ནད་མེད་པ་སྙན་ཞུ་དང་ཉིན་རེར་སྙན་སེང་ཞུ་བའི་ལས་དོན་དུས་ཐོག་ཏུ་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་རིམས་ནད་་ཚོད་འཛིན་སྡེ་ཁག་གིས་ཆུ་ཚོད་24རིང་གི་འཕྲལ་སྡོམ་ལས་རེས་ལག་བསྟར་བྱས་ནས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་དང་གསར་རྟོགས། སྙན་ཞུ་བཅས་ལ་ཤུགས་སྣོན་བརྒྱབ་པ་རེད། དོགས་ཡོད་ནད་རྟགས་ཅན་གྱི་ནད་པ་ཐོག་མ་དང་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་ཐོག་མ་ཤེས་རྟོགས་བྱུང་རྗེས། ཨུ་ལྷན་འཕྲལ་སྡོམ་གཞུང་ལས་ཁང་གིས་ནད་རྟགས་གཏན་འཁེལ་གྱི་ནད་པ་དང་འབྲེལ་གཏུག་དམ་ཟབ་བྱེད་མཁན་མི་སྣའི་གྲངས་གཞིའི་ཆ་འཕྲིན་དུས་ཐོག་ཏུ་ཞིབ་བཤེར་གཏན་འཁེལ་བྱས་ཤིང་། དུས་མཚུངས་སུ་དྲ་རྒྱའི་ཐོག་ནས་ཐད་ཀར་སྙན་ཞུ་དང་ཉིན་རེར་སྙན་སེང་ཞུ་བའི་ལས་དོན་སྤེལ་བ་དང་འབྲེལ་ཉིན་ལྟར་དུས་ཐོག་ཏུ་སྙན་སེང་ནན་པོ་ཞུ་རྒྱུ་མཐའ་འཁྱོངས་བྱས་པ་རེད། ཞིང་ཆེན་རིམས་ནད་འགོག་སྲུང་ལྟེ་གནས་ཀྱིས་ཆེད་དོན་དྲ་བའི་ཆུ་ཚོད2ནང་ཐད་ཀར་སྙན་སེང་ཞུ་རྒྱུ་ལག་བསྟར་བྱས་ནས་དུས་ཐོག་ཏུ་རྒྱུན་གཏོང་བརྟག་དཔྱད་དང་། ནད་གཞིའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན། འབྲེལ་གཏུག་དམ་ཟབ་བྱེད་མཁན། ཝུའུ་ཧན་སོགས་ས་གཞན་ནས་མཚོ་སྔོན་དུ་ལོག་པའི་མི་སྣར་གྲལ་བཤེར་ཐོ་འགོད་བྱེད་པའི་ལས་དོན་སྤེལ་ནས་གྲངས་གཞི་ཆེན་མོ་ཡི་ལག་རྩལ་སྤྱད་དེ་རིམས་ནད་ལ་དབྱེ་ཞིབ་ཧུར་ཐག་བྱས་ཤིང་ཚན་རིག་དང་མཐུན་པའི་ངང་གནད་སྨིན་འགོག་སྲུང་གི་ནུས་པ་ཆེ་རུ་བཏང་ཡོད།  

ཟླ2པའི་ཚེས18ཉིན་བར། ཞིང་ཆེན་ཡོངས་སུ་གཏན་ཁེལ་ནད་དཔེ18ཐོན་པ་དང་། དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད་པའི་ནད་དཔེ16ཟིན་ཡོད། རིམས་ནད་བྱུང་ཁུལ་ནས་མཚོ་སྔོན་དུ་ཡོང་བའི་མི་ཁྲི10.5ལ་གྲལ་བཤེར་བྱས་པདང་། དེའི་ཁྲོད་ཝུའུ་ཧན་ནས་མཚོ་སྔོན་དུ་ལག་པའི་མི6692ཟིན་ཡོད་ལ། ནད་པ་དང་འབྲེལ་འདྲེས་དམ་ཟབ་བྱེད་མཁན་མི437ལ་ཟུར་བཀར་ལྟ་ཞིབ་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།