མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་གསར་འགྱུར་་ཐེངས་བརྒྱད་པ་འཚོགས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བརྒྱད་པ་ཟི་ལིང་དུ་འཚོགས། ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་དང་དངུལ་རྩ་ཁྲལ་དོན་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་འགན་འཁུར་བ་གདན་དྲངས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྲུང་ཐག་གཅོད་ཀྱི་ཁུལ་བགོས་རིམ་དབྱེའི་གནས་ཚུལ་དང་དངུལ་རྩ་ཁྲལ་དོན་གྱིས་ཁེ་ལས་བསྐྱར་དུ་ཐོན་འགོ་ལས་འགོ་ཚུགས་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ནས། རིམས་ནད་འགོག་སྲུང་ཐག་གཅོད་ཀྱི་འབྲེལ་ཡོད་ལས་དོན་ཐད་སྤྱི་དམངས་ཀྱི་དོ་ཁུར་དང་ཐུགས་ཁུར་གནང་བའི་གནད་དོན་ལ་ལན་བཏབ། 

1.jpg

ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་འགོག་སྲུང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་དྲིལ་བསྒྲགས་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཀྲི་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སུའུ་ཆོན་རེན་གྱིས“མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཁུལ་བགོས་རིམ་དབྱེའི་གནད་སྨིན་ལག་བསྟར་ལས་དོན་ཇུས་གཞིའི”འབྲེལ་ཡོད་ནང་དོན་ལ་འགྲེལ་བཤད་བརྒྱབ། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། རིམས་ནད་འགོག་སྲུང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྲུང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྲོང་ཁྱེར་དང་ཁུལ་སོ་སོའི་བཀོད་འདོམས་པུའུ་དང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་ཁོངས་གཏོགས་སྡེ་ཁག ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཆེད་མཁས་པ། ཞིང་ཆེན་ནང་གི་ཆེད་མཁས་པ་བཅས་ཀྱི་བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག 《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཁུལ་བགོས་རིམ་དབྱེའི་གནད་སྨིན་ལག་བསྟར་ལས་དོན་ཇུས་གཞི》བཟོས། ཇུས་གཞི་དེ་ཟླ2པའི་ཚེས17ཉིན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས43པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ཟླ2པའི་ཚེས18ཉིན་དངོས་སུ་པར་འགྲེམས་བྱས་ནས་ལག་བསྟར་བྱས་པ་རེད། 《ལས་དོན་ཇུས་གཞི》ཡིས་རྗེས་ཕྱོགས་ཀྱི་རིམས་ནད་འགོག་སྲུང་ཐག་གཅོད་ལས་དོན་གྱི་གཞི་རྩའི་རྩ་དོན་ཁ་གསལ་དུ་བཏང་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་ཁུལ་བགོས་རིམ་དབྱེའི་ཚད་གཞི་དང་ས་ཁུལ་གཏན་ཁེལ་བྱས་ཡོད། ཁུལ་བགོས་རིམ་དབྱེ་སྒོས་རིམས་ནད་འགོག་སྲུང་དང་། སྡེ་ཁུལ་དོ་དམ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། བསྐྱར་ཏུ་ཐོན་འགོ་ལས་འགོ་ཚུགས་པ། འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་སོགས་ཀྱི་ཐད་ནས་ཧེ་བག་ཅན་གྱི་འགོག་སྲུང་བྱེད་ཐབས་ཁ་གསལ་ངང་བཟོས་ཡོད། 《ལས་དོན་ཇུས་གཞི》ཡིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ས་ཁོངས་དོ་དམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་འགན་ལེན་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་བཞིའི་ཐད་ནས་འགན་ལེན་བྱེད་ཐབས་ཁ་གསལ་བོར་བཏོན་ཡོད། 

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་་རིམ་པ་དང་པོའི་སྐོར་ཞིབ་པ་ཀྲང་མིན་གྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་དོན་འཁྱོལ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་དང་བསྐྱར་དུ་ལས་འགོ་ཐོག་འགོ་ཚུགས་པར་རོགས་སྐྱོར་བྱེད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་ཉེ་ཆར་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་འགའ་ཞིག་ཁྱབ་བསྒྲགས་བྱས་ཏེ། དམིགས་སའི་རང་བཞིན་ཆེ་ཞིང་ནུས་ཤུགས་ཅུང་ཆེ་བའི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། “འབྲེལ་ཐུག་མེད་པའི”ཁྲལ་གཉེར་གྲོན་འཇལ་བྱེད་རྒྱ་ཆེ་རུ་གཏོང་བ། ནུས་ཤུགས་ཆེན་པོས་ཡུལ་དངོས་ཀྱི་ཁྲལ་གཉེར་གྲོན་འཇལ་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ཁྲལ་བསྡུའི་དོ་དམ་བྱེད་ཐབས་ལེགས་སྒྲིག་ཧུར་ཐག་བྱེད་པ་སོགས་ཕྱོགས་བཞིའི་ཐད་དུ་ཞིབ་ཕྲའི་བྱ་ཐབས18བཏོན་ཡོད། མཚོ་སྔོན་ཞིང་ཆེན་ཁྲལ་དོན་སྡེ་ཁག་གིས་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་བླང་བྱ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་རང་འགུལ་ངང་ཧུར་ཐག་གིས་ཁྲལ་གཉེར་གྲོན་འཇལ་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། ཁྲལ་བསྡུའི་དོ་དམ་ཞིབ་ཚགས་དང་ཚད་ལྡན་དུ་གཏོང་བ། ཁ་གཏད་དེ་ཟུར་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས“འབྲེལ་ཐུག་མེད་པའི”ཁྲལ་གཉེར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ། གཟིགས་སྐྱོང་སྲིད་ཇུས་མགྱོགས་མྱུར་ངང་དོན་འཁྱོལ་གཏོང་རྒྱུར་འགན་ལེན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྲུང་དང་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་བཟོ་ཚོགས་ཀྱི་ཀྲུའུ་རེན་ཧྥུའུ་ཁྲང་ཆིང་གིས་རིམས་ནད་འགོག་སྲུང་གི་དངུལ་རྩའི་ཞབས་ཞུ་ཡག་པོར་སྒྲུབ་པ་དང་ཁེ་ལས་ཀྱི་བསྐྱར་དུ་ལས་འགོ་ཐོན་འགོ་ཚུགས་པར་རོགས་སྐྱོར་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་བཤད་རྒྱུར། ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་གིས་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྡེ་ཁག་ལ་ཁྲིད་སྟོན་དང་རྩ་འཛུགས་བྱས་ནས། གཙོ་གནད་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་བསྐྱར་དུ་ལས་འགོ་ཐོན་འགོ་ཚུགས་པར་དངུལ་རྩའི་ཞབས་ཞུའི་ཤུགས་སྣོན་རྒྱག་པ། དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་ཡོངས་ཀྱི་དངུལ་རྩའི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། དངུལ་རྩའི་ཐོན་ཁུངས་མགྱོགས་མྱུར་ངང་སྙོམས་སྒྲིག་བྱས་ནས་རིམས་འགོག་དངོས་ཟོག་མཁོ་སྤྲོད་དང་བསྐྱར་དུ་ལས་འགོ་ཐོན་འགོ་ཚུགས་པ་སོགས་རིམས་ནད་འགོག་སྲུང་གི་གཙོ་གནད་ཁྱབ་ཁོངས་སུ་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་འགོག་སྲུང་གི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། དུས་མཚམས་ཤིག་གི་ཚུན་དུ་རིམས་ནད་འགོག་སྲུང་གི་དངུལ་རྩའི་ཞབས་ཞུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ཀྲུང་དབྱང་དངུལ་ཁང་གི་ཆེད་སྤྱོད་དངུལ་བུན་བསྐྱར་མ་ཐད་ཀར་གཏོང་བའི་གཙོ་གནད་ཁེ་ལས་ལ་མགྱོགས་མྱུར་མཐུན་སྦྱོར་དང་འགན་ལེན་བྱས་ནས་ཁེ་ལས་ཀྱིས་བསྐྱར་དུ་ལས་འགོ་ཐོན་འགོ་འཛུགས་པར་དངུལ་རྩའི་ཞབས་ཞུ་མགྱོགས་མྱུར་བསྒྲུབས་ཏེ། མཚོ་སྔོན་གྱི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ཕན་འབྲས་ཆེ་ལ་བརྟན་རླིང་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱས་ཡོད། རྗེས་མར་ཕྱོགས་གཅིག་ནས་རིམས་ནད་འགོག་སྲུང་ནན་འཛིན་དང་། ཕྱོགས་གཞན་ནས་དངུལ་རྩ་བརྟན་རླིང་ངང་འཕེལ་རྒྱས་འགྲོ་རྒྱུར་ནན་འཛིན་བྱས་ཏེ་དཔྱིད་རྨོད་རྨོད་གྲབས་ཀྱི་དངུལ་རྩའི་རྒྱབ་སྐྱོར་དུས་ཐོག་ཏུ་ཡག་པོར་སྒྲུབ་ནས་རང་ཞིང་གི་རིམས་ནད་འགོག་སྲུང་དང་ཁེ་ལས་ཀྱིས་བསྐྱར་དུ་ལས་འགོ་ཐོན་འགོ་ཚུགས་པར་མུ་མཐུད་དུ་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

ཞིང་ཆེན་དངུལ་རྩའི་ལས་དོན་གཞུང་ལས་ཁང་གི་ཅུས་ཀྲང་གཞོན་པ་ལི་ཅན་ལི་ཡིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་དངུལ་རྩའི་རྒྱབ་སྐྱོར་ལེགས་པོ་བྱས་ནས་ཁེ་ལས་ཀྱི་བསྐྱར་དུ་ལས་འགོ་ཐོན་འགོ་ཚུགས་པར་རོགས་སྐྱོར་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོ་མོས་ངོ་སྤྲོད་བྱས་པ་ལྟར་ན། ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་སྡེ་ཁག་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོར་ལངས་ནས་རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ནུས་ཤུགས་ཡོད་རྒུས་མ་དངུལ་འཁོར་རྒྱུག་མཐུན་སྦྱོར་གྱི་ཞབས་ཞུ་ལེགས་པོར་བསྒྲུབས་པ་དང་། དངུལ་རྩའི་སྒྲིག་གཞིའི་ལམ་སྲོལ་འཛུགས་པ། དོན་འཁྱོལ་ཡོང་བར་ནན་འཛིན་བྱེད་པ། བྱ་ཐབས་དངོས་འདོན་པ་བཅས་བྱས་ནས་དངུལ་རྩས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་བྱེད་ཐབས་ཞིབ་འཇུག་བྱས་ཤིང་གསར་ཏུ་བཏོན་ཡོད། རྗེས་མར་མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་དང་མཚོ་སྔོན་དངུལ་སྲུང་ལྟ་སྐུལ་ཅུའུ། ཞིང་ཆེན་ནོར་སྲིད་ཐིང་སོགས་དང་མཉམ་དུ《ཁེ་ལས་ཀྱིས་བསྐྱར་ཏུ་ལས་འགོ་ཐོན་འགོ་འཛུགས་པ་དང་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཞིབ་ཕྲའི་བྱ་ཐབས་གང་མགྱོགས་ངང་བཏོན་ནས་རིམས་ནད་འགོག་སྲུང་ཁྱབ་ཁོངས་ཀྱི་མ་དངུལ་དགོས་མཁོར་འགན་སྲུང་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཁྱོན་ཅུང་ཆེ་བའི་ཁྱབ་ཁོངས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱིས་བསྐྱར་ཏུ་ལས་འགོ་ཐོན་འགོ་འཛུགས་པ་དང་ལས་གཞིའི་ལས་འགོ་བསྐྱར་དུ་འཛུགས་པ་བཅས་ཀྱི་མ་དངུལ་དགོས་མཁོར་འགན་སྲུང་གང་ཐུབ་བྱ་དགོས།

ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཉིའུ་ཡུང་ཐའོ་ཡིས་བྱེད་ཐབས་སྣ་མང་མཉམ་སྤྱོད་དང་རིམས་ནད་འགོག་སྲུང་ལ་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཀྱིས་བསྐྱར་ཏུ་ལས་འགོ་ཐོན་འགོ་ཚུགས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུའུ་ཡིས“དམིགས་བསལ་གྱི་བྱ་བ་དམིགས་བསལ་གྱིས་སྒྲུབ་པ་དང་། ཛ་དྲག་གི་བྱ་བ་འཕྲལ་མར་སྒྲུབ་པའི”རྩ་དོན་ལྟར་རིམས་ནད་འགོག་སྲུང་དང་ཁེ་ལས་ཀྱི་ཐོན་སྐྱེད་བསྐྱར་གསོའི་དངུལ་རྩའི་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཡོད། ཆབ་སྲིད་ཀྱི་འགན་འཁྲི་དང་། དངུལ་རྩའི་འགན་འཁྲི། སྤྱི་ཚོགས་ཀྱི་འགན་འཁྲི་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་བྱ་སྤྱོད་གཅིག་གྱུར་ནན་ཏན་བྱས་ཏེ་ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྲུང་བྱེད་རིང་གི་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོར་སྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་བསྐྱར་དུ་ལས་འགོ་ཐོན་འགོ་འཛུགས་པར་ཞབས་འདེགས་ཞུ་བ། ནུས་ཤུགས་ཡོད་རྒུས་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བཅས་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།  ཟླ2པའི་ཚེས18ཉིན་བར། ས་ཁོངས་ནང་གི་དངུལ་ཁང་ལས་རིགས་སྡེ་ཁག་གིས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ལས་འགོ་ཐོན་འགོ་འཛུགས་པར་དངུལ་བུན་སྒོར་དུང་ཕྱུར28.31བཏང་བ་དང་། གནས་སྐབས་དཀའ་ངལ་དང་འཕྲད་པའི་ཁེ་ལས་ལ་མ་རྩ་ཕྱིར་སློག་མི་བྱེད་པར་མུ་མཐུད་དུ་དངུལ་བུན་སྒོར་དུང་ཕྱུར0.85བཏང་། དངུལ་བུན་སྒོར་དུང་ཕྱུར0.11གི་ཕྱིར་འཇལ་བའི་དུས་ཚོད་ནར་འགྱངས་བྱས། དངུལ་འཛིན་སྐྱེད་ཀ་སྒོར་དུང་ཕྱུར5.17སྤྲད་པ་དང་། དངུལ་འགྲུལ་འཛིན་ཡིག་སྒོར་དུང་ཕྱུར2.51སྒྲུབ་གཉེར་བྱས། འགྲེམས་ཡུན་སྒོར་དུང་ཕྱུར1.55སྒྲུབ་གཉེར་བཅས་བྱས་ཡོད། རྗེས་མར་རིམས་ནད་འགོག་སྲུང་ཁེ་ལས་ཀྱིས་ཐོན་ནུས་རྒྱ་ཆེར་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དང་། ཁྱོན་ཡོངས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ཀྱིས་བསྐྱར་དུ་ལས་འགོ་ཐོན་འགོ་ཚུགས་པར་ཞབས་འདེགས་ཞུས་ཏེ་དཀའ་ངལ་དང་འཕྲད་པའི་ཁེ་ལས་ཆུང་གྲས་དང་མི་སྒེར་གྱི་བཟོ་ཚོང་ལ་རོགས་སྐྱོར་ཧུར་ཐག་བྱས་ནས། དཔྱིད་རྨོད་རྨོད་གྲབས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཧེ་བག་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་ཐབས་ལག་བསྟར་བྱས་ནས་ཆ་རྐྱེན་ལེགས་་ཤོས་ཀྱིས་སྔོན་ལ་ཁེ་ལས་དང་གཙོ་གནད་ལས་གཞི་བསྐྱར་དུ་ལས་འགོ་ཚུགས་པར་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་དང་དངུལ་རྩའི་བདེ་འཇགས་དང་བརྟན་རླིང་ངང་འཁོར་སྐྱོད་ཐུབ་རྒྱུའི་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།