ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་ནུས་སྒོ་ཀུན་ནས་ཆེ་རུ་གཏོང་བའི་མཐོ་ཚད་ནས་འགྲེང་སྟེ། ང་ཚོས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྲིམས་སྐྱོང་གི་ཐབས་ལམ་སྤྱད་དེ་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྩལ་བ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པས། དེར་ཆབ་སྲིད་ཀྱི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོས་དཀའ་ངལ་མཐའ་དག་ཁྱད་བསད་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བའི་འགན་ལེན་ནུས་ལྡན་ཞིག་རེད། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཆེ་མོ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་ཁྲིམས་སྐྱོང་གི་འགན་ལེན་ནུས་པ་དང་ས་གནས་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། ཁྲིམས་སྐྱོང་གི་ནུས་པ་ཆེ་རུ་བཏང་ནས་ཏང་གི་གཅིག་བསྡུས་འགོ་ཁྲིད་དེ་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ནས། ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་གིས་མཉམ་དུ་ཤུགས་རྒྱག་པ་དང་མཉམ་ཤུགས་ཆགས་པར་བྱས་ནས། འགྱུར་མེད་སྟོབས་ལྡན་གྱི་ཁྲིམས་སྐྱོང་འགན་ལེན་ལ་བརྟེན་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་བཅོས་སྐྱོང་མཐའ་འཁྱོལ་བྱས་ཏེ་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལས་དོན་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ། ཁྲིམས་འགལ་ཉེས་གསོག་གི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་བཅས་བྱས་ནས། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་དོན་ཁག་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་ནས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། བདེན་འཚོལ་དོན་གཉེར་དང་གཞི་རིམ་ལ་མཐོང་ཆེན། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་མཐར། ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཁྱབ་ཁོངས་ཁག་གི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

གྲོས་ཚོགས་ལས་འདོད་དོན། གློ་ཚད་ཀྱི་རིམས་ནད་གསར་པ་བྱུང་རྗེས་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དེ་རྩ་བའི་གཞི་འཛིན་སར་བརྩིས་ནས་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། ཚན་རིག་དང་མཐུན་པའི་ཇུས་འགོད། དོན་འཁྱོལ་ལ་སྐུལ་འདེད་བཅས་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཁེལ་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱས་ཏེ། ཁྲིམས་ལྟར་དང་ཚན་རིག་དང་མཐུན་ལ། ཚད་ལྡན་དང་ནུས་ལྡན་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་གི་སྤྱི་ཡོངས་དམག་འཐབ ཡག་པོ་བརྒྱབ་ཡོད་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམས་ནད་ལྟོས་བཅས་ཀྱིས་བདེ་འཇགས་རྣམ་པར་གནས་ཡོད་པས། རིམས་ནད་ཀྱི་ཉེན་ཁར་ཁ་གཏད་གཅོག་སྐབས་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ཚོད་བགམ་མདུན་དུ་འཚོ་བ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་འཇགས་དྲུག་གི་ལས་དོན་ཕྱོགས་གཉིས་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བར་བྱེད་དགོས། སྔོན་འགོག་དང་ནང་འདྲེན་གྱི་ཚད་མཐའ་བརྟན་སྲུང་མཐའ་གཅིག་ཏུ་བྱས་ཏེ། ཁག་བགོས་རིམ་དབྱེ་དང་གནད་འཁེལ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། རིམས་ནད་ནང་འདྲེན་གྱི་ཐབས་ལམ་བཀག་འགོག་བྱེད་དགོས། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱས་ཏེ། མི་སེར་རྣམས་ཁྱིམ་ནས་ཕྱིར་ཐོན་དུ་འཇུག་པ་དང་། སྤྱི་ཚོགས་ཡོངས་རིམས་ནད་ཀྱི་སྨུག་རྡུལ་ཁྲོད་ནས་ཕྱིར་ཐོན་དུ་འཇུག་དགོས། རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དུས་ཐོག་ཏུ་རྗེས་སྙེགས་བྱེད་པ་དང་། འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུར་དམ་འཛིན་བྱེད་པ། སྤྱི་པའི་འཕྲོད་བསྟེན་གྱི་ཞན་ཆ་རྒྱུན་ཆད་མེད་པར་གསབ་པ། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ཧུར་ཐག་བཅས་བྱེད་དགོས། གྲོང་ཁྱེར་དང་ཁུལ། རྫོང་། ཆུས་བཅས་ཀྱིས་ཁྲིམས་ལྟར“ཚོགས་འདུ་གཉིས”བསྡུ་རྒྱུར་གཅིག་གྱུར་གྱིས་བཀོད་སྒྲིག་དང་། ན་ནིང་གི་བྱ་བར་སྤྱི་སྡོམ་ཡག་པོ་བྱེད་པ།  ད་ལོའི་ལས་འགན་བཀོད་སྒྲིག་ཡག་པོ་བཅས་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བུ་བཅོལ་ཁང་གི་སློབ་འགོ་རྩོམ་པར་སྐུལ་ནས་བུ་བཅོལ་ཁང་འཛུགས་རྒྱུར་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ། སྤྱི་ཚོགས་དང་ཁྱིམ་བདག སློབ་མ་བཅས་ཚང་མར་འགན་འཁུར་བའི་ཐབས་ཇུས་ཆ་ཚང་བར་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། ལས་གནས་གསོ་སྦྱོང་ཆེན་པོ་དང་། ལས་སྒོའི་སྦྱོང་བརྡར་ཆེན་པོ། ཁོར་ཡུག་བཅོས་སྒྲིག་ཆེན་པོ་བཅས་གོ་རིམ་ལྡན་པའི་ངང་སྤེལ་ནས། ལས་བྱེད་པར་བྱ་སྤྱོད་སྤེལ་བ་དང་ལས་ཀར་དམ་འཛིན་བྱེད་པ། ཚང་མ་མི་ཁོམ་པའི་གནས་སུ་བསྐྱལ་བ་བཅས་བྱེད་དུ་འཇུག་དགོས་པར་མ་ཟད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། ཁ་གཡར་ས་སྣ་ཚོགས་བཅས་ཀྱི་སྒྱིད་ལུག་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་དགེ་མཚན་ལྡན་པའི་རྣམ་འགྱུར་དང་སྐྱོན་བྲལ་གྱི་སེམས་ཁམས། བཟང་པོའི་རྣམ་པ་བཅས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་གི་སྤྱིའི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་དེ་བཞིན་རང་རེའི་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་སྐོར་གྱི་སྙན་ཞུར་ཉན་པ་ལས་གཞན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལྟར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ཏེ། མི་མངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་བདེ་འཇགས་ལ་འགན་ལེན་ཁག་ཐེག་བྱེད་དགོས་པའི་བསམ་འཆར་གྱི་བྱ་བའི་ཇུས་གཞི་ཞེས་པ་དང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་གནད་ས་ཞེས་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་ཁྲིམས་འཛུགས་བྱ་བའི་འཆར་འགོད་ཅེས་པ། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ཆད་འཁུར་ཡུན་ལོངས་ནས་ཕྱིར་བཏང་བའི་མི་སྣ་བཀོད་སྒྲིག་དང་རོགས་རམ་སློབ་གསོའི་ལས་དོན་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་ཞེས་པ་བཅས་ལ་གྲོས་མོལ་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།