ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་གྲང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་མགོ་ལོག་རྨ་ཆེན་རྫོང་རྟ་བོའུ་གྲོང་བརྡལ་དུ་སོང་ནས་ཚོང་རའི་མཁོ་སྤྲོད་དང་ཐོན་སྐྱེད་ཁ་སྣོན། རིམས་ནད་སྔོན་འགོག་སོགས་ཀྱི་བྱ་བའི་ཐད་ནས་རྟོག་ཞིབ་བྱས། ཁོས་བསྟན་དོན། ཕྱོགས་ཡོངས་ལ་བསམ་གཞིགས་བཏང་སྟེ་དོན་དངོས་ལ་རྐང་འཛུགས་པ། རིམས་ནད་སྔོན་འགོག་བྱ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་རིམ་པ་སོ་སོའི་ཆ་རྐྱེན་ལོངས་བའི་རྣམ་གྲངས་དང་ཁེ་ལས་མང་པོའི་བསྐྱར་གསོའི་བྱ་བ་ཕྱོགས་ཡོངས་ནས་འགོ་རྩོམ་པར་རྒྱབ་སྐྱོར་དང་རྩ་འཛུགས་བྱས་ཏེ་དམ་འཛིན་གཉིས་དང་ཡར་སྐུལ་གཉིས།འཐུས་ཤོར་ཏུ་མི་འགྲོ་བ་གཉིས་ལེགས་པོར་བསྒྲུབ་སྟེ་ད་ལོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འོས་འགན་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱ་དགོས་ཟེར།
རྟ་བོ་གྲོང་བརྡལ་ཞིང་ལས་ཉོ་ཚོང་ཁྲོམ་ར་ནས་མགོན་པོ་བཀྲ་ཤིས་ཀྱིས་རང་འགུལ་གྱིས་ཚ་གྲང་བརྟག་དཔྱད་དང་ལེན་བྱས་པ་དང་ཚོང་བདག་རྣམས་ལ་བརྩེ་བའི་ཁ་བརྡ་བྱས་ཏེ་ཚོང་རའི་རིམས་ནད་སྔོན་འགོག་ཀྱི་བྱ་བ་དངོས་འབེབ་བྱས་པ་སོགས་ཀྱི་གནས་ཚུལ་ཐད་ནས་རྒྱུས་ལོན་བྱས། ཁོས་ཚོང་རའི་མཁོ་སྤྲོད་དང་དངོས་གོང་གཏན་འཇགས་ཡིན་པ་སོགས་ཤེས་རྗེས་ཧ་ཅང་དགའ་སྤྲོ་ཆེན་པོས་མི་རང་ཉིད་ཀྱི་རིམས་ནད་འགོག་བཅོས་དང་ཟས་རིགས་ཀྱི་བདེ་འཇགས་སོགས་ལ་གཟབ་ནན་བྱ་དགོས་བའི་སྐུལ་མ་བཏང་།
ཁྲོམ་རའི་འགན་ལེན་མི་སྣ་དང་ཁ་བརྡ་བྱེད་དུས་མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཤུགས་ཆེན་པོས་རིམས་ནད་སྔོན་འགོག་བྱ་བར་གཙིགས་འཛིན་བྱེད་པ་དང་རིམས་ནད་འཐབ་འཛིང་ལ་སུན་སྣང་སྐྱེས་བ་སོགས་ཁྱད་དུ་བསད་དེ་འགན་འཁྲི་དངོས་འབེབ་དང་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་བྱ་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མགོན་པོ་བཀྲ་ཤིས་ཀྱིས་རྨ་ཆེན་རྗོང་དུ་རྟོག་ཞིབ་བྱས།