ལིག་ཐའོ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྨན་རྫས་ཐོན་སྐྱེད་མཁོ་འདོན་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་ཀྲུང་ཡིག་བདེ་ཐང་ཧོས་ཅཱ་སྨན་རྫས་འཚོང་ས། ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་ཀྲུང་ཏའོ་མཉམ་རྒྱལ་སྨན་བཅོས་འགོག་སྲུང་སྤྱོད་རྫས་ཚད་ཡོད་ཀུང་ཟི་བཅས་སུ་སོང་ནས་ཁ་ཐུམ་དང་དུག་སེལ་སྨན། སྨན་བཀོལ་ཆང་བཅུད། རོགས་འདེགས་སྨན་རྫས་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་སྤྱོད་རྫས་ཀྱི་ཐོན་སྐྱེད་དང་མཁོ་འདོན་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། སྨན་བཅོས་མི་སྣ་དང་ཁེ་ལས་ཀྱི་ལས་བཟོ་བས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྐབས་སུ་ལས་གནས་བརྟན་སྲུང་བྱས་པ་དང་བྱ་བ་སྒྲུབ་པར་ཁས་ལེན་གང་ལེགས་བྱས་པ་དང་བཀའ་དྲིན་ཞུས།

ལིག་ཐའོ་ཡིས་བསྟན་དོན། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་བབ་ལྟར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་བའི་ཐད་ནས་བཀོད་སྒྲིག་བཟང་བོ་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་རྫས་འདོན་སྤྲོད་འགན་སྲུང་ལ་ཤུགས་སྣོན་པའི་ཐད་ནས་རེ་བ་སྔར་ལས་མཐོན་པོ་བཏོན་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་སྔོན་འགོག་ཚོད་འཛིན་ལམ་ལུགས་དང་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པའི་སྔོན་འགྲོ་འོག རང་ཉིད་ཀྱི་འཇོན་ཐང་མངོན་པ་དང་ནུས་པ་འདོན་སྤེལ་བྱས་ནས་ཐོན་ནུས་མཐོར་འདེགས་གཏོང་བ་དང་མཁོ་འདོན་ལ་འགན་སྲུང་བྱས་ཏེ། སྤུས་ལེགས་བདེ་འཇགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས་ཟེར།

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞབས་ཞུའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ཁེ་ལས་ཀྱིས་མྱུར་དུ་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མཁོ་འདོན་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་དགོས། ཁེ་ལས་ཀྱི་མྱུར་དུ་སྒྲིག་ཆ་ཇེ་ལེགས་སུ་གཏོང་བ་དང་། སྨན་བཅོས་ཡོ་བྱད་ཀྱི་ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྨན་རྫས་སིལ་འཚོང་གི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། ཧུར་ཐག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱོད་རྫས་དང་སྨན་རྫས་ཚོང་རའི་མཁོ་འདོན་ལ་འགན་སྲུང་བྱས་ནས། མི་དམངས་མང་ཚོགས་ཀྱི་ཉིན་རྒྱུན་གྱི་དགོས་མཁོ་དང་སྨན་བཀོལ་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།