ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས་ཏེ། འཐབ་ས་དང་པོ་ན་འབད་འཐབ་བྱེད་ཀྱིན་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་སྨན་བཅོས་མི་སྣར་འཚམས་འདྲི་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་སྟངས་འགྱུར་ལྡོག་དང་ཟུང་འབྲེལ་བྱེད་པ། ཁུལ་དང་རིམ་པ་དབྱེ་ནས་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་པ། ནད་ཡམས་གཙང་སེལ་གྱི་ལས་འགན་སྔ་མོ་ནས་ཡོངས་འགྲུབ་བྱེད་པ། རྒྱུན་རྣམ་ཅན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་གང་མགྱོགས་སླར་གསོ་བྱེད་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་གཉིས་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།
ལིག་ཉིང་གིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས། འཐབ་ས་དང་པོ་ན་འབད་འཐབ་བྱེད་ཀྱིན་པའི་སྨན་བཅོས་མི་སྣ་དང་བརྙན་རིས་ཀྱི་ལམ་ནས་སྦྲེལ་མཐུད་བྱེད་སྐབས་བརྩེ་སེམས་ཟོལ་མེད་ཀྱི་ངང་ནས། ཚང་མ་ཐུགས་རྗེ་ཆེ། ཁྱེད་ཚོས་དཀའ་ལས་མྱངས་སོང་ཞེས་བཤད་ཞོར། ཚེ་སྲོག་རི་བོ་ཐའེ་ཧྲན་ལས་གལ་ཆེ་བས་སྐྱོབ་བཅོས་འགོར་འགྱངས་གཏན་ནས་བྱེད་མི་རུང་། དུས་མཚམས་གོང་མར་འབད་བརྩོན་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་གློ་ཚད་ཕོག་པའི་ནད་པ་གསར་པ་སྐྱོབ་བཅོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཚང་མས་ཡང་འབད་བསྐྱར་འབད་ཀྱིས་ཚེ་སྲོག་ལ་སྐྱབས་བཀུར་དང་སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་འབུལ་འདོད་ཆེ་བ།བྱམས་བརྩེ་མཐའ་ཡས་བཅས་ཀྱི་ལས་རིགས་སྙིང་སྟོབས་དར་སྤེལ་བཏང་སྟེ། དུས་འགོར་གསོག་འཇོག་བྱས་པའི་ཉམས་མྱོང་དང་བྱ་ཐབས་བེད་སྤྱོད་ཡག་པོ་བྱས་ནས། སྐྱོབ་བཅོས་བྱེད་ཚད་སྔར་ལས་མཐོ་རུ་བཏང་ནས། ནད་ཡམས་གཙང་སེལ་གྱི་ལས་འགན་སྔ་ཙམ་ལེགས་སྒྲུབ་བྱ་རྒྱུའི་རེ་བ་ཡོད་ཟེར། ཁོས་འབྲེལ་ཡོད་སྡེ་ཁག་དང་སྨན་ཁང་གི་འགན་འཁུར་བློ་མཐུན་གྱིས་སྨན་བཅོས་མི་སྣར་སྲུང་སྐྱོང་དང་སེམས་ཁུར། གཅེས་སྐྱོང་བཅས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། སྨན་བཅོས་མི་སྣ་རྒྱུན་མཐུད་སྐྱོན་བྲལ་ངང་རིམས་ནད་ལས་རྣམ་པར་རྒྱལ་བའི་ཐད་འགན་ལེན་བྱེད་དགོས་པའི་བླང་བྱ་མངོན་གསལ་བཏོན།
ལིག་ཉིང་གིས་ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས། ཚོད་ལྟ་ཁང་གི་ལས་བྱེད་མི་སྣར་གུས་འདུད་ཞུས་ཏེ། ཡུལ་དངོས་ནས་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་དང་ཆ་འཕྲིན་ཐག་གཅོད་ལྟེ་གནས་ལ་ཞིབ་ལྟ་བྱས་པ་དང་། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་ནུས་པ་སོགས་ཀྱི་གནས་ཚུལ་འདྲི་ཞིབ་བྱས་རྗེས་བཤད་རྒྱུར། རྒྱུན་རྣམ་དང་འཕྲལ་སྡོམ་གྱི་གཅིག་གྱུར་དོ་དམ་ལ་མཐོང་ཆེན་བྱས་ནས། དུས་ཐོག་ཏུ་ཉམས་མྱོང་སྤྱི་སྡོམ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་བྱེད་ཕྱོགས་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་པ། ཞན་ཆ་གསབ་པ། མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་གསར་གཏོད་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ནས། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཟེར།བརྒྱད་གཅིག་ལམ་གྱི་རིམས་ནད་ཞིབ་བཤེར་ས་ཚིགས་དང་ཅིན་ཙང་མྱུར་བགྲོད་གཞུང་ལམ་གྱི་དུས་བདེའི་ཕྱིར་གཏོང་རིམས་ནད་ཞིབ་བཤེར་ས་ཚིགས་སུ། ལིག་ཉིང་གིས་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་སྨན་བཅོས་མི་སྣས་ཉིན་ཤས་རིང་བསྟུད་མར་བརྟན་སྲུང་དང་བློས་གཏོང་བྱས་པར་ཐུགས་རྗེ་ཆེ་ཞུས།
མཱ་ཅི་ཞའོ་དང་ཁོང་ཡུང་གོང་གསལ་བྱ་འགུལ་ལ་ཞུགས་པ་དང་། ཉེའོ་ཁྲིན་ཡོན་དང་ཝང་ཀྲིན་ཧྲིན་སོ་སོར་རྟོག་ཞིབ་འཚམས་འདྲིའི་བྱ་འགུལ་ལ་ཞུགས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལིག་ཉིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས་ཏེ་འཐབ་ས་དང་པོའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་སྨན་བཅོས་མི་སྣར་འཚམས་འདྲི་ཡང་བྱས།