ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས་19ཉིན་གྱི་སྔ་དྲོའི་དུས་ཚོད11དང་སྐར་མ40སྟེང་།ཟི་ལིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་གཅིག་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་རུ་ཁག་གིས་གསོ་བཅོས་དང་བདག་སྐྱོང་བྱས་པ་བརྒྱུད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་འབུད་པའི་ཚད་གཞིར་མཐུན་པས་སྨན་ཁང་ལས་བུད་པ་རེད། ནད་པ་འདི་སྨན་ཁང་ལས་བུད་པ་ཡིས་ཟི་ལིང་གྲོང་ཁྱེར་གྱི་ངེས་གཏན་སྨན་བཅོས་ལས་ཁུངས་ཀྱི་ཏོག་གསར་གློ་ཚད་ནད་པ་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པ་མཚོན་ཡོད།
ནད་པ་དེ་ཟླ2པའི་ཚེས2ཉིན་ཞིང་ཆེན་དང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། ཞིང་ཆེན་རིམ་པའི་ཆེད་མཁས་པས་རིགས་སྒྲུབ་བྱས་རྗེས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པར་གཏན་འཁེལ་བྱས་ཏེ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་སྨན་བཅོས་བྱས་པ་རེད།
ནད་པ་འདི་སྨན་ཁང་དུ་བསྡད་ནས་བཟུང་། ནད་པར་སྨན་བཅོས་དང་དུས་ཚོད་ཉེར་བཞིའི་རིང་གི་བདག་སྐྱོང་ལ་ཁག་ཐེག་བྱ་ཆེད། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ཚན་ཁག་སོ་སོའི་སྨན་པ30ལྷག་སྨན་བཅོས་རུ་ཁག་གསུམ་དུ་བགོས་ནས་ཉིན་ཞག་མེད་པར་དཀའ་ལས་ལ་མ་འཛེམ་པར་བདག་སྐྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ལས་རྒྱལ་བར་ནུས་པ་གལ་ཆེན་བཏོན་པ་རེད།
ནད་དུག་འགོག་བཅོས་དང་སྨན་བཅོས་རོགས་འདེགས་སོགས་ཀྱི་གསོ་བཅོས་བྱས་པ་བརྒྱུད། ཟླ2པའི་ཚེས6ཉིན་ནས་བཟུང་ནད་པར་ཚ་རྒྱག་པ་སོགས་ཀྱི་ནད་རྟགས་མེད་པར་གྱུར་བ་དང་། ཟླ2པའི་ཚེས17ཉིན་དང་ཚེས18ཉིན་གཉིས་ལ་ཏོག་གསར་གློ་ཚད་ནད་དུག་གི་བརྟག་བཤེར་དེ་སྲིབས་གཤིས་སུ་གྱུར་ཞིང་། རྒྱལ་ཁབ་ཀྱི་《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(བཟོ་བཅོས་བྱས་པའི་ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ་)》སྨན་ཁང་ནས་བུད་ཆོག་པའི་ཚད་གཞི་དང་མཐུན་པ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་ཚོགས་ཆུང་གིས་དཔྱད་དཔག་བྱས་པ་བརྒྱུད་དེ་རིང་སྨན་ཁང་ནས་ཕྱིར་བུད་ཆོག་པར་གཏན་འབེབས་བྱས།
མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི《ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ལོགས་བཀར་དང་སྨན་ཁང་ལས་བུད་རྗེས་ཀྱི་འབྲེལ་ཡོད་མཉམ་འཇོག་བྱ་ཡུལ》གྱི་བླང་བྱ་ལྟར་ན། ནད་པ་འདི་སྨན་ཁང་ལས་བུད་རྗེས་ས་གནས་དེ་གའི་སྨན་བཅོས་ལས་ཁུངས་ཀྱིས་ལྟ་རྟོག་འོག ཉིན་14ལ་རང་ཁྱིམ་ནས་ལོགས་བཀར་བརྟག་བཤེར་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཚེས19ཉིན་གྱི་སྔ་དྲོར་ཡང་མཚོ་སྔོན་གྱི་ཏོག་གསར་གློ་ཚད་ནད་པ་གཅིག་སྨན་ཁང་ལས་བུད་པ།