ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་ཀྱི་གནད་སྨིན་ཐབས་ཇུས་ལག་ལེན་བསྟར་བྱས་ཏེ་ཁུལ་བགོས་རིམ་དབྱེ་ངང་ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་ཐག་གཅོད་ལས་དོན་ཡག་པོར་སྒྲུབ་རྒྱུ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐོག་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་འབྲེལ་ཡོད་མཛུབ་ཁྲིད་བསམ་འཆར་གྱི་བླང་བྱ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་འགོག་སྲུང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཁུལ་བགོས་རིམ་དབྱེ་ངང་གནད་སྨིན་ལག་བསྟར་བྱ་བའི་ཇུས་གཞི》དངོས་སུ་པར་འགྲེམས་བྱས་ནས་ལག་བསྟར་བྱས། ཇུས་གཞིའི་བླང་བྱ་གཤམ་ལྟར།
གཅིག “གཙོ་གནད་འབུར་ཐོན་དང་། གཅིག་གྱུར་འཆར་འགོད། ཁུལ་བགོས་རིམ་དབྱེ། གནད་སྨིན་ཇུས་འདོན་”བཅས་ཀྱི་རྩ་དོན་ལ་དམིགས་ཏེ། རིམས་ནད་བྱུང་བའི་གནས་བབས་ལ་ཚན་རིག་དང་མཐུན་པར་དབྱེ་ཞིབ་དང་། ཉེན་ཁ་དཔྱད་དཔོག་ལ་ཤུགས་སྣོན། ཁུལ་བགོས་རིམ་དབྱེ་སྒོས་ཧེ་བག་ལྡན་པའི་འགོག་སྲུང་བྱེད་ཐབས་གཏན་འབེབས་བཅས་བྱས་ཏེ། རིམས་ནད་འགོག་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀ་ནན་འཛིན་བྱེད་པ་དང་། གཉིས་ཀ་འཐུས་ཤོར་མི་གཏོང་བ། གཉིས་ཀར་སྐུལ་འདེད་བཅས་བྱ་དགོས།
གཉིས། ནད་དཔེ་ཡོད་མེད་ཀྱི་སྙན་ཞུ་དང་། མཚོ་སྔོན་དུ་ལོག་མཁན་གྱི་གྲངས་འབོར་དང་མི་འབོར་སྟུག་ཚད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནས་ཚུལ། མི་འབོར་འཁོར་སྐྱོད་བྱེད་ཚད། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས། ས་ཆའི་གནས་ཡུལ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ཞིང་ཆེན་ཡོངས་གྱི་རྫོང(གྲོང་ཁྱེར་དང་། ཁུལ། སྲིད་ཨུ།)45དེ་གཙོ་གནད་འགོག་སྲུང་ས་ཁུལ་དང་། གཙོ་གནད་མ་ཡིན་པའི་འགོག་སྲུང་ས་ཁུལ། སྤྱིར་བཏང་གི་འགོག་སྲུང་ས་ཁུལ་བཅས་རིགས་གསུམ་དུ་དབྱེ་ཡོད།
གསུམ། གཙོ་གནད་འགོག་སྲུང་ས་ཁུལ4(ཟི་ལིང་གྲོང་ཁྱེར་གྱི་མཁར་ཤར་ཁུལ་དང་། མཁར་བྱང་ཁུལ། ཧོང་ཀྲུང་ཁུལ། མཚོ་བྱང་ཁུལ་མིན་ཡོན་རྫོང་བཅས)དང་། གཙོ་གནད་མ་ཡིན་པའི་འགོག་སྲུང་ས་ཁུལ16(ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་དང་། མཁར་ནུབ་ཁུལ། སྟོང་སྐོར་རྫོང་། ཏ་ཐུང་རྫོང་བཅས་དང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཁུལ་དང་། ཕིང་ཨན་ཁུལ། ཧུའུ་ཀྲུའུ་རྫོང་། མིན་ཧོ་རྫོང་། དཔའ་ལུང་རྫོང་། ཞོན་ཧྭ་རྫོང་། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར། མཚོ་ལྷོ་ཁུལ་གུང་ཧི་རྫོང་། ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར། མགོ་ལོག་ཁུལ་རྨ་ཆེན་རྫོང་། རྨ་ལྷོ་ཁུལ་རེབ་གོང་རྫོང་བཅས)དང་། སྤྱིར་བཏང་གི་འགོག་སྲུང་ས་ཁུལ25(མཚོ་ནུབ་ཁུལ་མང་ཡ་གྲོང་ཁྱེར། ཝུའུ་ལན་རྫོང་། ཐེན་ཆེན་རྫོང་། ཏ་ཁྲའེ་ཏན་སྲིད་ཨུ། ཏུའུ་ལན་རྫོང་བཅས་དང་། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དང་། མང་རྫོང་། འབའ་རྫོང་། བྲག་དཀར་རྫོང་བཅས། མཚོ་བྱང་ཁུལ་མདའ་བཞི་རྫོང་དང་། མདོ་ལ་རྫོང། རྐང་ཚ་རྫོང་། ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་དང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་། ནང་ཆེན་རྫོང་། མགོ་ལོག་ཁུལ་པད་མ་རྫོང་དང་། དགའ་བདེ་རྫོང་། དར་ལག་རྫོང་། རྨ་སྟོད་རྫོང་། གཅིག་སྒྲིལ་རྫོང་། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་། རྨ་ལྷོ་རྫོང་། གཅན་ཚ་རྫོང་བཅས)དབྱེ་ནས་རིགས་མི་འདྲ་བའི་སྒོ་ནས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དབྱེ་དང་ཧེ་བག་ལྡན་ལ་གནད་སྨིན་ཅན་གྱི་འགོག་སྲུང་ཐབས་ཇུས་མངོན་འགྱུར་བྱེད་དགོས།
བཞི། རྫོང་རིམ་པ་ཚན་པར་བྱས་ཏེ་ཁུལ་བགོས་རིམ་དབྱེ་སྒོས་ཁྱད་པར་ལྡན་པའི་འགོག་སྲུང་བྱ་ཐབས་བཟོས། བྱ་བྲག་ཏུ་རིམས་ནད་འགོག་སྲུང་བྱ་ཐབས་དང་། སྡེ་ཁུལ་གྱི་མཉམ་འགོག་མཉམ་བཅོས་ལམ་སྲོལ། མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ། ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད། འགྲིམ་འགྲུལ་སྐྱེལ་འདྲེན་ཤར་གཏོང་ལ་ཁག་ཐག་བྱེད་པ་བཅས་ཕྱོགས་ལྔའི་ཐད་ནས་ཧེ་བག་ཅན་གྱི་བླང་བྱ་བཏོན་ཡོད།
ལྔ། ས་གནས་ཁག་དང་སྡེ་ཁག་སོ་སོས་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་བཀོད་འདོམས་དང་། གཅིག་གྱུར་གྱི་མཐུན་སྦྱོར། གཅིག་གྱུར་གྱི་བཀོད་གཏོང་བཅས་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱས་ནས་གང་གསུང་དེ་སྒྲུབ་བྱ་དགོས་པ་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། གཅིག་གྱུར་འཆར་འགོད་ཀྱི་འདུ་ཤེས་བཅས་ཇེ་ཟབ་ཏུ་བཏང་ནས་ས་ཁུལ་དེ་གའི་རིམས་ནད་འགོག་སྲུང་དང་། མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ལས་དོན་སླར་གསོ་བྱེད་པར་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། “གཉིས་ཀ་ནན་འཛིན་དང་། གཉིས་ཀར་སྐུལ་འདེད། གཉིས་ཀར་འཐུས་ཤོར་མི་ཡོང་བ”བཅས་མཐའ་འཁྱོངས་བྱས་ཏེ། རིམས་ནད་འགོག་སྲུང་གི་འགན་འཁྲི་ཏན་ཏིག་ངང་སྒྲུབ་དགོས། ས་ཁུལ་དེ་གའི་མི་སྣ་འགྲོ་སྐྱོད་དང་། མཉམ་འདུས། ས་གནས་སོགས་ཀྱི་དོན་དངོས་ལ་གཞིགས་ནས་ཁུལ་བགོས་རིམ་དབྱེའི་ཧེ་བག་ཅན་གྱི་འགོག་སྲུང་དང་འཁོར་རྒྱུག་རང་བཞིན་གྱི་དོ་དམ་ཚོད་འཛིན་བྱས་ཏེ་ས་ཁུལ་དེ་གའི་གནད་སྨིན་ཇུས་འདོན་གྱི་བྱ་བའི་ཇུས་གཞི་དུས་ཐོག་ཏུ་བཟོས་ནས་ཆ་འཕྲིན་བརྗེ་རེས་དང་བྱ་ཐབས་སྤེལ་རེས་དོན་འཁྱོལ་བྱས་ནས། དེ་བས་ཚན་རིག་དང་མཐུན་པ་དང་གནད་སྨིན་གྱི་སྒོ་ནས་འགོག་སྲུང་ཐག་གཅོད་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཁུལ་བགོས་རིམ་དབྱེ་ངང་གནད་སྨིན་ལག་བསྟར་བྱ་བའི་ཇུས་གཞི》དངོས་སུ་པར་འགྲེམས་བྱས་ནས་ལག་བསྟར་བྱས་པ།