ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་བསྟུད་མར་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་མགྱོགས་མྱུར་ངང་འགན་འཁྲི་འཁུར་བ་དང་། ཕྱོགས་ཡོངས་ནས་རིམ་པ་དང་པོའི་འཕྲལ་སྡོམ་དོན་འཁྱོལ་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལ་གཟབ་ནན་སྒོས་ལྟ་ཞིབ་དང་ཚོད་འཛིན་ནན་མོ་བྱས།
ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་སྔ་གཞུག་ཏུ་ཐེངས་དྲུག་ལ་ཛ་དྲག་བརྡ་ཐོ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་མ་ལག་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་སོ་སོ་དང་ཁུལ་སོ་སོའི་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། འགོ་ཁྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ལས་བགོ་གསལ་བོ་བྱས་ཏེ། རི་སྐྱེས་སྲོག་ཆགས་དག་ལ་གཟབ་ནན་སྒོས་ཚོད་འཛིན་ནན་མོ་བྱས་པ་རེད། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་དང་། ལྟ་ཞིབ་ཚད་ལེན་གྱི་ཁོངས་གཏོགས་སྔར་ལས་འཐུས་ཚང་དུ་བཏང་། གཙོ་གནད་ས་ཁོངས་སུ་གནས་སྤོ་དུས་བྱའི་རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱབ་སྟེ། ཕྱོགས་ཡོངས་ནས་རི་སྐྱེས་སྲོག་ཆགས་གསོ་སྤེལ་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་ལ་ལྟ་སྐུལ་དོ་དམ་བྱས།
བསྟུད་མར་ཉིན་འགར། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མ་ལག་གིས་གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་ཚལ་དང་རྩྭ་ཐང་། ནགས་ཚལ་སྤྱི་བདེ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག གཞི་རིམ་གྱི་སྐྱེ་ཁམས་དོ་དམ་པ་བཅས་དང་མཉམ་དུ་རི་སྐྱེས་སྲོག་ཆགས་ཉོ་ཚོང་ལ་ཞིབ་བཤེར་བྱས། དེ་དང་མཉམ་དུ་རྨ་ཆུའི་འབབ་རྒྱུད་དང་མཚོ་སྔོན་པོ། མདོ་ལ་རི་བོ་སོགས་ཀྱི་སྲོག་ཆགས་འཚོ་གནས་ཁུལ་དུ་དགུན་སྐྱེལ་དང་གནས་སྤོ་དུས་བྱའི་ལྟ་ཞིབ་ཚད་ལེན་བྱས་ནས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྔོན་འགོག་ཚོད་འཛིན་དྲ་རྒྱ་བཙུགས་ནས་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ཕྱིར་འཁྱར་ཐབས་ལམ་རྩ་བ་ནས་བཀག་འགོག་བྱས།
དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་གསོ་སྤེལ་དུད་ཚང་ལ་བརྡ་ཐོ་བཏང་ནས། གསོ་སྤེལ་ར་བའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། ཞིང་ཆེན་གཞན་དག་གི་ཉམས་མྱོང་བླངས་ཏེ། གསོ་སྤེལ་ར་བར་དུག་སེལ་དུག་འགོག་འཕྲོད་བསྟེན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཁྱབ་བརྡལ་དུ་མི་འགྲོ་བར་འཀག་འགོག་བྱས། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མ་ལག་གིས་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ནན་མོ་བྱས་པ།