ཡ་རྫི་རྫོང་གིས་རིམས་འགོག་ལ་སྒོར་ཁྲི850ལྷག་ཞལ་འདེབས་ཕུལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་རིང་། ཏོག་གསར་གློ་ཚད་མཆེད་པ་དང་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་གི་གནས་ཚུལ་འོག་མཚོ་ཤར་གྲོང་ཁྱེར་ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་གི་ལས་རིགས་ཁག་གིས་སྒོར་མོ་དང་དངོས་པོ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་རེད། རགས་རྩིས་བྱས་ན། མིག་སྔའི་བར་རྫོང་ཡོངས་ཀྱི་ཞལ་འདེབས་དངོས་ཟོག་སྒོར་ཁྲི850ལྷག་ཙམ་ཟིན་ཡོད་པ་རེད།

ཡ་རྫི་རྫོང་གི་དམངས་གཉེར་ཁེ་ལས་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ། སློབ་གསོའི་མ་ལག ལས་ཁུངས་དང་སྡེ་ཚན། སྒེར་གཉེར་བཟོ་ཚོང་དུད་ཚང་། དེ་བཞིན་ལས་རིགས་ཁག་གི་གཅེས་སེམས་མི་སྣ་བཅས་ཀྱིས“སོ་སོས་རོགས་སྐྱོར། ཕྱར་བ་གྲུ་འདེགས། བློ་གཅིག་སེམས་གཅིག ཀུན་སེམས་གཅིག་སྒྲིལ”བཅས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས། དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པ་དང་། གཅེས་སེམས་མཚོན་པའི་ཟས་རིགས་འབུལ་བ། འཚམས་འདྲིའི་དངོས་པོ་སྐྱེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཕ་ཡུལ་གྱི་མི་དམངས་དང་མཉམ་གཅིག་ཏུ་འགག་སྒྲོལ་དཀའ་སེལ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣའི་སེམས་ལ་དྲོད་སྐྱིད་སྦྱིན་པ་དང་། ཕ་ཡུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་སྔ་མོ་ནས་རྒྱལ་ཁ་ཐོབ་རྒྱུར་རོགས་རམ་བྱས་པ་རེད།

མིག་སྔར་རྫོང་དེའི་རྒྱ་གྲམ་དམར་པོ་ཚོགས་པས་རིམ་རྩིས་བྱས་ན་ཞལ་འདེབས་མ་དངུལ་སྒོར་ཁྲི550ལྷག་ཙམ་བསྡུ་རུབ་བྱས་ཡོད་པ་རེད། གཞན་ཡང་ཅེ་ཙི་དབྱི་སི་ལམ་གྱི་དགོན་སྡེ་དོ་དམ་ཨུ་ལྷན་དང་། ཟ་ལར་དམངས་སྲོལ་གྲོང་། དེ་བཞིན་རྫོང་ཡོངས་ཀྱི་ཁེ་ལས་པ་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་དཔྱད་ཚད་ལེན་ས་ཚིགས་དང་། ཤང་དང་གྲོང་རྡལ་ཁག་གི་བཀོད་འདོམས་པུའུ། གྲོང་ཚོ་ཁག་གི་ཞིབ་དཔྱད་ཚད་ལེན་ས་ཚིགས་བཅས་སུ་བསྐྱོད་དེ་རང་འགུལ་ངང་གྲོང་མི་ཡོངས་ལ་འཚམས་འདྲི་བྱས་པ་དང་། གྲོང་ཚོ་ཁག་གི་སྐད་འཕྲིན་ཚོགས་པར་གྲོང་ཚོ་དེ་གའི་ཞིབ་དཔྱད་ཚད་ལེན་ས་ཚིགས་སུ་ཞལ་འདེབས་དང་འཚམས་འདྲི་སོགས་ཀྱི་མ་དངུལ་སྒོར་ཁྲི200ལྷག་ཙམ་བཏང་ཡོད་པ་རེད། དེའི་ནང་མཚོ་སྔོན་ཞིང་བང་ཚོགས་པས་ཁིལ་སྐྱུར་ནཱ་ཏུན30ཡི་དུག་སེལ་གཤེར་ཁུ་ཞལ་འདེབས་བརྒྱབ་པ་དང་། ཁེ་ལས་པ་དང་གཅེས་སེམས་མི་སྣས་རིན་གོང་སྒོར་ཁྲི120ཡི་ཤ་རིགས་དང་སྒོ་ང་དང་འོ་མ་སོགས་ཀྱི་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། རྫོང་ཡོངས་ཀྱིས་ཞལ་འདེབས་བརྒྱབ་པའི་དངོས་ཟོག་བསྡོམས་པས་རིན་གོང་སྒོར་ཁྲི850ལྷག་ཙམ་ཟིན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་་སྲ་བརྟན་གྱི་རྨང་གཞིའི་འགན་ལེན་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་རྒྱལ་ཡོངས་ས་གནས་ཁག་ཏུ་འཐེན་ཐུག་ཟ་ཁང་གཉེར་མཁན་དང་གཅེས་སེམས་མི་སྣས་ས་གནས་དེ་གར་དངོས་ཟོག་སྒོར་ཁྲི65ལྷག་ཙམ་ཞལ་འདེབས་བརྒྱབ་པ་མ་ཟད། ད་དུང“གཅེས་སེམས་ཟ་མ”སོགས་ཀྱི་དགེ་ལས་ཀྱང་སྤེལ་ནས་ཟ་ལར་རིགས་མི་དམངས་ཀྱི་གཅེས་སེམས་མཚོན་པའི་ལེགས་སྐྱེས་ཕུལ་ནས་བླ་ན་མེད་པའི་གཤིས་རྒྱུད་མངོན་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།