མཚོ་སྔོན་གྱིས་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་འདོན་སྤེལ་བྱས་ནས་རིམས་འགོག་སྐྱོབ་བཅོས་ལ་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་ཐག་གཅོད་ལས་དོན་མཛུབ་སྟོན་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བདུན་པའི་སྟེང་ནས་ཤེས་གསལ་ལྟར་ན། མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པས་ཏོག་གསར་གློ་ཚད་ནད་དཔེ17ལ་ཀྲུང་ལུགས་གསོ་རིག་བཀོལ་སྤྱོད་བྱེད་པར་མཛུབ་ཁྲིད་བྱས་པ་དང་། ཀྲུང་ལུགས་གསོ་རིག་སྨན་བཅོས་སུ་ཞུགས་ཚད94.4%ཡིན་པ་རེད། དེ་དང་མཉམ་དུ། མཚོ་སྔོན་གྱི་བོད་ལུགས་གསོ་རིག་གི་ཁྱད་ཆོས་འདོན་སྤེལ་བྱས་པ་དང་། བོད་ལུགས་གསོ་རིག་མཁས་པ་ཏོག་གསར་གློ་ཚད་སྨན་བཅོས་ཀྱི་གོ་རིམ་ཚང་མར་ཞུགས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ལིའུ་ཞང་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་དོ་དམ་ཅུས་ཀྱི་བཀོད་སྒྲིག་གཞིར་བཟུང་། ད་ཐེངས་ཀྱི་རིམས་ནད་ཁྲོད“བརླན་པ་དང་། ཚ་བ། དུག་པ། འཚང་བ”བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་དང་དེ་བཞིན་ས་མཐོའི་ས་ཁོངས་ཀྱི་ཁོར་ཡུག་དང་མི་ཚོགས་ཀྱི་སྐྱེ་ལུགས་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཀྲུང་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་གཞིར་བཟུང་ཀྲུང་ལུགས་གསོ་རིག་གི་ནད་རྟགས་དབྱེ་འབྱེད་དང་དབྱེ་འབྱེད་ཟུང་འབྲེལ་གྱི་རྩ་དོན་ལ་བརྟེན་ནས་ཞིང་ཆེན་ནང་ཁུལ་གྱི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ《མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་གི་འགོག་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་གྱི་པར་གཞི་དང་པོ)》བཟོས་ནས་ཞིང་ཆེན་ཡོངས་ལ་ཡོངས་བསྒྲགས་བྱས་པ་རེད།

རིམས་ནད་ཐོན་རྗེས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཕྲལ་མར་ཀྲུང་ལུགས་གསོ་རིག་ཚུད་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་ཚོགས་ཆུང་བཙུགས་ནས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་བ་རེད། ཆེད་མཁས་པས་ཏོག་གསར་གློ་ཚད་ནད་དཔེ17ལ་ཀྲུང་ལུགས་གསོ་རིག་བཀོལ་སྤྱོད་བྱེད་པར་མཛུབ་ཁྲིད་བྱས་པ་དང་། ཀྲུང་ལུགས་གསོ་རིག་སྨན་བཅོས་ནང་ཞུགས་ཚད94.4%ཡིན་པ་རེད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱི་བླང་བྱ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ནད་དཔེ“གློ་ཚད་ནད་དུག་གཙང་སེལ་ཁུ་བའི”གློ་ཚད་ཀྱི་ནད་ཐོག་སྨན་བཅོས་ཚོད་ལྟའི་རྣམ་གྲངས་ཡན་ལག་ལྟེ་གནས་སུ་བཅུག་ནས་སྨན་རྫས་ཞིབ་འཇུག་བྱས་པ་རེད།

ཟླ2ཚེས16ཉིན་བར་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་རིམས་ནད་སྔོན་འགོག་དང་སྨན་བཅོས་བྱེད་པའི་ཀྲུང་ལུགས་སྨན་རྫས་ཁྱོན་བསྡོམས་ཁུག་མ18271ཐོན་སྐྱེད་བྱས་པ་དང་། མི་དམངས་མང་ཚོགས་དང་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་སྨན་ཁང་ལ་བཀོད་སྒྲིག་བྱས་ནས་སྤྲད་པ་མ་ཟད། ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་དང་ཞིང་ཆེན་ཡོངས་ཀྱིས་ཝུའུ་ཧན་གྱི་སྨན་བཅོས་རོགས་སྐྱོར་རུ་མི་དང་སྤྱི་ཚོགས་ཀྱི་གཙོ་གནད་མི་ཚོགས་ལ་རིན་མེད་ངང་སྤྲད་པ་རེད།

དེ་དང་ཆབས་ཅིག་མཚོ་སྔོན་གྱི་རིམ་པ་སོ་སོའི་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ཆོས་འདོན་སྤེལ་བྱས་ནས་སྲོལ་རྒྱུན་གྱི་སྔོན་འགོག་སྨན་རྫས་ཐོན་སྐྱེད་བྱས་པ་རེད། ཞིང་ཆེན་རིམ་པའི་ཆེད་མཁས་པའི་ཚོགས་ཆུང་ཁྲོད་ཀྱི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་མཚོ་སྔོན་ཞིང་ཆེན་གྱི་གློ་ནད་གསར་པའི་ནད་རྟགས་གཏན་འཁེལ་བྱེད་པའི་ནད་དཔྱད་དང་སྐྱོབ་བཅོས་ལས་དོན་ནང་ཞུགས་པ་རེད།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་བོད་ལུགས་གསོ་རིག་གི་ཀྲུའུ་རེན་སྨན་པ་པད་མ་རབ་བརྟན་གྱིས་ཏོག་གསར་གློ་ཚད་ཐོན་རྗེས་མཚོ་སྔོན་གྱི་རིམ་པ་སོ་སོའི་བོད་སྨན་ཁང་གིས་རྒྱུན་ལྡན་གྱི་དུག་སེལ་ལས་དོན་གྱི་རྨང་གཞིའི་ཐོག་བདུག་པ་དང་ཤུག་པ་སོགས་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་བྱེད་ཐབས་སྤྱད་དེ་དུག་སེལ་བྱས་པ་རེད། རྨ་ལྷོ་ཁུལ་བོད་སྨན་ཁང་དང་། འབའ་རྫོང་བོད་སྨན་ཁང་། བྲག་དཀར་རྫོང་བོད་སྨན་ཁང་སོགས་གཞི་རིམ་བོད་སྨན་ཁང་གིས་དུས་ཐོག་ཏུ་ནད་ཡམས་འགོག་པའི་བོད་སྨན་ནག་པོ་དགུ་སྦྱོར་དང་། ཆམ་རིམས་རིལ་བུ། བདུན་ཐང་སོགས་སྲོལ་རྒྱུན་གྱི་སྨན་རྫས་ཐོན་སྐྱེད་བྱས་ཏེ་ཞིང་འབྲོག་མང་ཚོགས་དང་། སྨན་བཅོས་སྒྲིག་གཞི་ཁག་གི་འཐབ་ས་དང་པོའི་སྨན་དོན་མི་སྣ། རིམས་འགོག་ཞིབ་བཤེར་ས་ཚིགས། ཁོར་ཡུག་གཙང་སྦྲ་ལས་བཟོ་པ། དེ་བཞིན་ས་ཚིགས་དང་ལས་གནས་སུ་ལས་སྒྲུབ་བྱེད་མཁན་གྱི་སྤྱི་བདེ་དྲག་ཆས་ཉེན་རྟོག་བློ་མཐུན་བཅས་ལ་རིན་མེད་ངང་སྤྲད་པ་རེད།

དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་བོད་ཡིག་གི་ཏོག་གསར་ནད་དུག་གི་གློ་ཚད་སྔོན་འགོག་གི་རྒྱུན་ཤེས་གློག་རྡུལ་ལག་དེབ་དང་བོད་རྒྱ་སྐད་གཉིས་ཀྱི་ཏོག་གསར་ནད་དུག་གི་གློ་ཚད་འགོག་སྲུང་ཚན་རིག་ཤེས་བྱའི་འགུལ་རིས་སྨན་ཁང་གི་སྤྱི་སྟེགས་སུ་སྤེལ་བ་རེད། ས་གནས་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིས་ཀྱང་རང་འགུལ་ངང་ཨ་མདོའི་ཡུལ་སྐད་དང་ཁམས་པའི་ཡུལ་སྐད་ཀྱི་རིམས་འགོག་སྤྱི་ཕན་དྲིལ་བསྒྲགས་བརྙན་རིས་ཕབ་བཟོ་བྱས་ནས་འཕྲལ་མར་གཞི་རིམ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་རྟོགས་ཐུབ་པ་དང་སྤྱོད་ཐུབ་པར་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།