མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བདུན་པ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་2པའི་ཚེས་17ཉིན་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བདུན་པ་ཟི་ལིང་ནས་བསྡུས། སྒྲོག་སྤེལ་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་དང་སྨན་བཅོས་ཆེད་མཁས་པ་གདན་ཞུ་བྱས་ཏེ། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་བཅོས་སྐྱོབ་ཐད་ཀྱི་གནས་ཚུལ་དང་། དུས་ལྟར་ནད་པའི་སྨན་བཅོས་གནས་ཚུལ་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་།

མཚོ་སྔོན་ཞིང་ཆེན་ཏང་ཨའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ་ཝང་ཀྲི་མེན་གྱིས་ཚོགས་འདུར་འགོ་མཛིན་བྱས།

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་བྱ་བའི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཕྱིའི་ནད་པ་མཚོ་སྔོན་དུ་ཡོང་བར་བཀག་འགོག་དང་ཞིང་ཆེན་ནང་ཁུལ་དུ་རིམས་ནད་མཆེད་པར་བཀག་འགོག་བྱེད་པའི་སྔོན་འགོག་ཚོད་འཛིན་ཇུས་ཆོད་ལ་དམིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། སྲིད་ཇུས་གནད་ལ་འཁེལ་བ་ལག་བསྟར་བྱས་ལ། བྱ་བ་བརྟན་བརླིང་ངང་བསྒྲུབས་པས། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་སྟེ། ཟླ་གཉིས་པའི་ཚེས་དྲུག་ཉིན་ནས་བཟུང་། བསྟུད་མར་ཉིན་བཅུ་གཅིག་རིང་ལ་ནད་ངོས་བཟུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་པ་གཅིག་ཀྱང་མ་བྱུང་། གོ་རིམ་རྗེས་མར། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་མུ་མཐུད་དུ་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས། ཁོངས་གཏོགས་ས་ཆའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ཀྱི་གནས་བབ་ལ་བརྡར་ཤ་གཅོད་དགོས། ཞིབ་བཤེར་ཚོད་འཛིན་བྱེད་ཐབས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། གུང་གསེང་གི་རྗེས་སུ་ཕྱིར་ལས་གནས་སྟེང་ལོག་པའི་མི་སྣ་ལོགས་སུ་བགར་བའི་བྱ་བ་བཟང་བོར་བསྒྲུབ་དགོས། འགོག་བཅོས་ཤེས་བྱ་དང་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད་པ་དང་རིམས་ནད་སྔོན་འགོག་ལ་ཤུགས་སྣོན་པར་མཛུབ་སྟོན་བྱེད་དགོས། སྨན་བཅོས་སྲོག་སྐྱོབ་སྨན་རྫས་དང་བརྟག་དཔྱད་ཚོད་ལྟ་སྨན་རྫས། དུག་སེལ་དངོས་རྫས། འགོག་སྲུང་སྤྱོད་རྫས། འཚོ་བའི་ངེས་མཁོ་དངོས་རྫས་སོགས་དངོས་ཟོག་ཉར་གསོག་དང་མཁོ་འདོན་ལ་འགན་སྲུང་ནན་མོ་བྱེད་དགོས། མཉམ་འགོག་མཉམ་འཛིན་དང་མང་ཚོགས་ཀྱིས་འགོག་བཅོས་བྱེད་པའི་དྲ་རྒྱ་བརྟན་པོ་བཙུགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ཀྱི་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་དགོས་ཟེར།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་སྨན་སྲིད་སྨན་བཅོས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཧོང་ལིས་ཁྲིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་སྨན་བཅོས་སྲོག་སྐྱོབ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོས་ངོ་སྤྲོད་བྱས་པ་ལྟར། ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་བར་དུ། ཞིང་ཆེན་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་ངོས་བཟུང་བའི་ནད་པ་བཅོ་བརྒྱད་ཡོད་པ་དང་། དེའི་ཁྲོད་དྲག་སྐྱེད་བྱུང་ནས་སྨན་ཁང་བུད་པའི་ནད་པ་བཅུ་གསུམ་ཡོད་ལ། ནད་པ་ལྔ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་ཀྱིན་ཡོད། མིག་སྔར་ནད་པ་ལྕི་མོ་གཉིས་ཀྱི་གནས་ཚུལ་ཧ་ཅང་བཟང་། ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་དུ་གློ་ཚད་འགོས་པའི་སྨན་བཅོས་མི་སྣ་གཅིག་ཀྱང་མེད་ལ། བསྟུད་མར་ཉིན་བཅུ་གཅིག་རིང་ནད་ངོས་བཟུང་བའི་ནད་པ་གསར་བ་དང་དོགས་ཡོད་ནད་པ་གཅིག་ཀྱང་མ་བྱུང་བ་དང་། ཚེ་ལས་འདས་པའི་ནད་པ་ཡང་གཅིག་ཀྱང་མེད་ཟེར།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་དབུགས་ལམ་ཁོང་ནད་ཚན་ཁག་གི་སྨན་པ་སྒྲོལ་མས་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པའི་སྨན་བཅོས་སྲོག་སྐྱོབ་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོ་མོས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པར་སྨན་བཅོས་བྱེད་པའི་གོ་རིམ་ཁྲོད་གཅིག་བསྡུས་བཞི་ཡི་རྩ་དོན་མངོན་པར་བྱས་ཡོད་པ་དང་། ལྷག་པར་དུ་ནད་པ་ལྕི་མོ་དང་འཆི་ཉེན་ཆེ་བའི་ནད་པར་སྨན་བཅོས་བྱེད་པའི་ཐད་ནས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་སྲིད་སྨན་བཅོས་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཅིག་ཏུ་བསྡུས་པ་དང་། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་རིམ་པ་གསུམ་པའི་སྨན་ཁང་གི་རིག་ཚན་མང་པོའི་ཆེད་མཁས་པ་ཕྱོགས་གཅིག་ཏུ་བསྡུས་ནས། ནུབ་ལུགས་གསོ་རིག་དང་ཀྲུང་ལུགས། བོད་ལུགས་གསོ་རིག་གི་ཞིང་ཆེན་རིམ་པའི་ཆེད་མཁས་པའི་ཚན་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བསྡོམས་པས་མཉམ་བསྡུས་ནད་དཔྱད་ཐེངས་ཉི་ཤུ་ལ་བྱས་ཟེར།

དེའི་རྗེས་ཞིང་ཆེན་མི་དམངས་སྨན་ཁང་དབུགས་ལམ་དང་ནད་ལྕི་མོའི་ཚན་ཁག་གི་སྨན་པ་འབུམ་རམས་པ་རྡོ་རྗེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྨན་བཅོས་སྲོག་སྐྱོབ་ཚད་གཞིའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཀྲུང་ལུགས་སྨན་ཁང་ཁོང་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ལིག་ཞང་ཁྲུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཐག་གཅོད་ཐད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་པད་མ་རབ་བརྟན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཐད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།