མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་འགོག་བཅོས་རིང་ལ་ཐེམ་ཐོའི་སྒེའུ་ཁུང་གི་དམངས་ཕན་ཞབས་ཞུའི་བྱ་ཐབས་ཁག་ལྔ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། སྤྱི་བདེའི་ཐེམ་ཐོའི་སྒེའུ་ཁུང་གི་དམངས་ཕན་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བདེ་འཇགས་སྤྱི་ཁྱབ་རུ་ཁག་གིས།  དམངས་ཕན་ཞབས་ཞུའི་བྱ་ཐབས་ཁག་ལྔ་ཁྱབ་བསྒྲགས་བྱས་ནས། ཐེམ་ཐོ་དང་། སྐབས་སྡོད་ཐོ་འགོད། གནས་སྡོད་དཔང་ཡིག་སོགས་འཕྲལ་དུ་སྒྲུབ་དགོས་པའི་ལས་དོན་དག་གི་ཐད་ནས་མང་ཚོགས་ལ་སྟབས་བདེ་ཞིང་མྱུར་བའི་ཞབས་ཞུ་མཁོ་འདོན་བྱས་པ་རེད།

1.ཐེམ་ཐོ་གནས་སྤོ་དཔང་ཡིག་གི་གོ་ཆོད་དུས་ཚད་ཇེ་རིང་དུ་གཏོང་རྒྱུ། 2020ལོའི་ཟླ་1ཚེས་1ཉིན་ནས་རིམས་ནད་འགོག་བཅོས་ཀྱི་བྱ་བ་མཇུག་རྫོགས་པའི་རིང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་སྤྲད་པའི་ཐེམ་ཐོ《གནས་སྤོས་ཆོག་པའི་དཔང་ཡིག》གམ་ཡང་ན་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྲད་པའི་མཚོ་སྔོན་ཞིང་ཆེན་དུ་སྤོ་བའི《ཐེམ་ཐོ་སྤོས་ཆོག་པའི་དཔང་རྟགས》ལ་དྲ་ཐོག་ནས་ཞིབ་བཤེར་བྱས་རྗེས། དཔང་རྟགས་ཀྱི་གོ་ཆོད་དུས་ཚད་དེ་རིམས་ནད་འགོག་བཅོས་མེད་པར་བཟོས་རྗེས་ཀྱི་ཉིན་40བར་རིང་དུ་གཏོང་རྒྱུ་ཡིན་པ་རེད།

2.ཐེམ་ཐོ་གནས་སྤོ་དཔང་ཡིག་དུས་ཐོག་ཏུ་བརྗེ་རྒྱུ། རིམས་ནད་ཀྱི་རྐྱེན་གྱིས་མང་ཚོགས་ལག་གི་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་སྤྲད་པའི་ཐེམ་ཐོ《གནས་སྤོས་ཆོག་པའི་དཔང་ཡིག》གམ་ཡང་ན《ཐེམ་ཐོ་སྤོས་ཆོག་པའི་དཔང་རྟགས》དུས་ལས་ཡོལ་ཏེ་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ལ་བརྗེ་སྤྲོད་རྒྱག་དགོས་པའི་རེ་བ་བཏོན་རིགས་ཚང་མ་ཆ་རྐྱེན་གང་ཡང་མེད་པར་མང་ཚོགས་ལ་བརྗེ་སྤྲོད་རྒྱག་རྒྱུ།

3. གསར་སྐྱེས་ཕྲུ་གུའི་སྙན་ཞུ་ཐོ་འགོད་དུས་ཡུན་ཇེ་རིང་དུ་གཏོང་རྒྱུ། རིམས་ནད་ཐོན་རིང་། ཕྲུ་གུ་གསར་དུ་སྐྱེས་ནས་ཟླ་གཅིག་ནང་ཚུན་དུ་བྱིས་སྐྱེས་ཐོ་འགོད་སྙན་སེང་ཞུས་མེད་ཚེ། རིམས་ནད་འགོག་བཅོས་མེད་པར་བཟོས་རྗེས། 《བྱིས་སྐྱེས་གསོ་རིག་དཔང་ཡིག》ལ་བརྟེན་ནས་བྱིས་སྐྱེས་ཐོ་འགོད་སྙན་སེང་ཞུས་ཆོག

4.གནས་སྡོད་དཔང་ཡིག་ལ་མིང་རྟགས་འགོད་ཡུན་ཇེ་རིང་དུ་གཏོང་རྒྱུ། གནས་སྡོད་དཔང་ཡིག་ལ་མིང་རྟགས་འགོད་པའི་གོ་ཆོད་དུས་ཚད་དེ་2020ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་ཡིན་པ་རྣམས། མཚོ་སྔོན་ཞིང་ཆེན་འཁོར་སྐྱོད་ཡུལ་མིའི་གནས་སྡོད་དཔང་ཡིག་དོ་དམ་མ་ལག་གིས་རང་འགུལ་ངང་གནས་སྡོད་དཔང་ཡིག་ལ་མིང་རྟགས་འགོད་པའི་གོ་ཆོད་དུས་ཚོད་ཇེ་རིང་དུ་བཏང་སྟེ་རིམས་ནད་འགོག་བཅོས་མེད་པར་བཟོས་རྗེས་ཀྱི་ཉིན་60བར་ཡིན་པ་དང་། གནས་སྡོད་དཔང་ཡིག་ཡོད་མཁན་གྱིས་རིམས་ནད་འགོག་བཅོས་མེད་པར་བཟོས་རྗེས་ཀྱི་ཉིན་60ནང་ཚུན་དུ་གནས་སྡོད་དཔང་ཡིག་ལ་མིང་རྟགས་འགོད་པའི་འགྲོ་ལུགས་གསབ་སྒྲུབ་བྱེད་རིགས་ཚང་མ་དུས་བཀག་ལྟར་མིང་རྟགས་འགོད་རྒྱུར་བརྩི་རྒྱུ་དང་། གནས་སྡོད་དཔང་ཡིག་ཡོད་མཁན་གྱི་གནས་སྡོད་བྱ་ཡུལ་དུ་གནས་སྡོད་བྱེད་པའི་ལོ་ཚད་བསྟུད་མར་བརྩི་རྒྱུ་ཡིན།

5.གནས་སྡོད་དཔང་ཡིག་ལེན་སའི“རིམས་ནད་འགོག་བཅོས་དུས་སྐབས་ཀྱི་བགྲོད་ལམ”གཏོད་རྒྱུ། རིམས་ནད་ཐོན་རིང་། ཁེ་ལས་ལས་ཁུངས་ཀྱིས་འགན་འཁུར་བ་ཞིག་གཏན་འཁེལ་གྱིས་ཁོངས་གཏོགས་སྤྱི་བདེ་ལས་ཁུངས་དང་འབྲེལ་མཐུད་བྱས་ཏེ། ལས་ཁུངས་དེ་གའི་གནས་སྡོད་དཔང་ཡིག་དགོས་པའི་མི་སྣའི་མིང་ཐོ་ཁོངས་གཏོགས་སྤྱི་བདེ་ལས་ཁུངས་ལ་སྤྲད་ཆོག་པ་དང་། ཁོངས་གཏོགས་སྤྱི་བདེ་ལས་ཁུངས་ཀྱིས་ཐད་ཀར་དེ་ལ་གནས་སྡོད་དཔང་ཡིག་བྱིན་ཆོག །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།