མཚོ་སྔོན་ཞིང་ཆེན་གྱི་རིམས་འགོག་ཚོད་འཛིན་སྐབས་གཞུང་དོན་ལ་གནོད་རྐྱེན་བཟོས་བའི་གྱོད་གཞི་ཐོག་མར་འདྲི་གཅོད་བྱས་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས16ཉིན་གྱི་ཕྱི་དྲོ། དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གིས་དྲ་སྦྲེལ་ཁྲིམས་ར་བརྒྱུད་ཁྲིམས་ལྟར་སྟབས་བདེའི་བྱ་རིམ་སྤྱད་དེ་རིམས་འགོག་འབྲེལ་ཡོད་ཀྱི་གཞུང་དོན་ལ་གནོད་རྐྱེན་བཟོས་བའི་གྱོད་གཞི་ཞིག་འདྲི་གཅོད་མཇུག་སྒྲིལ་པ་དང་། ཞུ་སྦྱོར་ཕྱི་མ་བ་ཏིང་ཆེ་གེ་མོ་དུས་བཀག་བཙོན་འཇུག་ཟླ་དགུར་བྱ་རྒྱུ་ཐག་བཅད། གྱོད་གཞི་དེ་ནི་མཚོ་སྔོན་ཞིང་ཆེན་ཀྱི་རིམས་འགོག་ཚོད་འཛིན་བྱེད་སྐབས་ཐོན་པའི་གཞུང་དོན་ལ་གནོད་རྐྱེན་བཟོས་བའི་གྱོད་གཞི་ཐོག་མ་དེ་ཡིན་པ་དང་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱེད་པ་དང་ཞུ་གཏུག་བྱེད་པ་ནས་ཞིབ་གཅོད་མཇུག་སྒྲིལ་བའི་བར་ཉིན་དགུ་ལས་འགོར་མེད། 

ཞིབ་གཅོད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཟླ2པའི་ཚེས7ཉིན་གྱི་ཆུ་ཚོད16ཙམ་ལ་ཞུ་སྦྱོར་ཕྱི་མ་ཏིང་ཆེ་གེ་མོས་ཆང་རག་འཐུང་རྗེས་གྲོང་ཚོའི་རིམས་འགོག་ས་ཚིགས་སུ་རྙོག་དྲ་སློང་ནས་ས་ཚིགས་ཀྱི་ལས་དོན་མི་སྣར་དམའ་འབེབས་དང་འཇིགས་སྐུལ་བྱས་པ་རེད། ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་འབྱོར་རྗེས་ཞུ་སྦྱོར་ཕྱི་མ་ཏིང་ཆེ་གེ་མོས་མི་དམངས་ཉེན་རྟོག་པའི་ལས་དོན་ལ་གཞོགས་འདེགས་གཏན་ནས་མི་བྱེད་པ་མ་ཟད། མི་དམངས་ཉེན་རྟོག་པར་དམའ་འབེབས་དང་། སྤུག་འཐེན། ཉེས་རྡུང་བཏང་བ་རེད། ཕྱིས་སུ་ཞུ་སྦྱོར་ཕྱི་མ་ཏིང་ཆེ་གེ་མོ་མངགས་གཏོང་ཁང་དུ་ཁྲིད་ནས་བརྟག་དཔྱད་བྱེད་རིང་། ཁོས་སླར་ཡང་མི་དམངས་ཉེན་རྟོག་པ་ཀའོ་ཆེ་གེ་མོའི་གདོང་ལ་རྡུང་ནས་ཀའོ་ཆེ་གེ་མོའི་གདོང་དང་མཆུ་ལ་རྨས་སྐྱོན་བཟོས་ཤིང་། གསལ་འབྱེད་བྱས་པ་ལྟར་ན་རྨས་སྐྱོན་ཆུང་ངུ་བཟོས་ཡོད་པ་རེད། 

དཔའ་ལུང་རྫོང་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཏིང་ཆེ་གེ་མོས་རིམས་འགོག་ཚོད་འཛིན་སྐབས་གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱ་ཐབས་སྤྱད་དེ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་གནོད་རྐྱེན་བཟོས་ནས་གཞུང་དོན་བསྒྲུབ་རྒྱུར་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་ཡོད་པའི་ངོས་འཛིན་བྱས་པ་རེད། ཞུ་སྦྱོར་ཕྱི་མ་ཏིང་ཆེ་གེ་མོས་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་དྲག་ཤུགས་སྤྱད་པས་ཁྲིམས་ལྟར་ཆད་པ་ལྗིད་མོ་གཅོད་དགོས། འོན་ཀྱང་ཞུ་སྦྱོར་ཕྱི་མ་ཏིང་ཆེ་གེ་མོས་གྱོད་གཞི་བྱུང་རྗེས་རང་གི་ཉེས་སྤྱོད་ཇི་བཞིན་ངོས་ལེན་ཞུས་པས་ཁྲིམས་ལྟར་ཉེས་ཆད་ཡང་མོ་བཅད་ཆོག་པ་དང་། ཞུ་སྦྱོར་ཕྱི་མ་ཏིང་ཆེ་གེ་མོས་རང་ཉེས་ཁས་ལེན་བྱས་པས། གནས་ཚུལ་ལ་གཞིགས་ནས་ཉེས་ཆད་ཡང་མོ་བཅད་ཆོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་ནང་གསེས་དོན་ཚན་དང་པོ་དང་། ནང་གསེས་དོན་ཚན་ལྔ་པ། དོན་ཚན་རེ་བདུན་པའི་ནང་གསེས་དོན་ཚན་གསུམ་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་དང་པོའི་གཏན་འབེབས་ལྟར། ཁྲིམས་རར་གོང་གསལ་གྱི་དཔྱད་མཚམས་བཏང་ཡོད།

ཁྲིམས་རའི་འདྲི་ཞིབ་ཁྲོད། ཞུ་སྦྱོར་ཕྱི་མ་བ་ཏིང་ཆེ་གེ་མོས་གཞུང་གཏུག་ལས་ཁུངས་ཀྱིས་ཉེས་བགྲང་ཞུ་གཏུག་བྱས་པའི་ཉེས་གསོག་དོན་དངོས་དང་ཉེས་མིང་ལ་ཁས་ལེན་དང་འགྱོད་བཤགས་བྱས་པ་རེད། བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། ཞུ་སྦྱོར་ཕྱི་མ་བ་ཏིང་ཆེ་གེ་མོས་ཐག་གཅོད་དང་ལེན་བྱས་ནས་གོང་གཏུག་མི་བྱེད་པའི་རྣམ་འགྱུར་བསྟན། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།