མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གྲབས་གསོག་འདང་ངེས་དང་གོ་རིམ་ལྡན་པའི་ངང་མཁོ་འདོན་ཐུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐན་གྱིས་ས་བོན་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་རྣམས་ལ་སྐུལ་མ་དང་མཛུབ་ཁྲིད་ཧུར་ཐག་བྱས་ཏེ་ཕྱོགས་གཅིག་ནས་རིམས་ནད་ལ་སྔོན་འགོག་ཚོད་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་བསྐྱར་ལས་དང་ས་བོན་མཁོ་འདོན་ཀྱི་བྱ་བ་བསྒྲུབས་ཏེ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག་དཀའ་བ་ཁྱད་དུ་བསད་ནས། ས་བོན་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཀྱིས་སོན་བཟང་ཐད་ཀར་དུ་ཞིང་སྡེ་དང་དུད་ཚང་དུ་མཁོ་འདོན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་འདེབས་ཐོན་སྐྱེད་གཉིས་འཐུས་ཤོར་མི་འགྲོ་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མིག་སྔར་ས་བོན་ཁེ་ལས16གིས་ལས་ཀ་སླར་གསོ་བྱས་ནས་ས་བོན་མཁོ་འདོན་དང་གཏོང་འདྲེན་བྱས་པ་དེས་སོན་བཟང་མཁོ་འདོན་བྱེད་ཚད་ཀྱི70%ཟིན་པ་དང་ཁེ་ལས་གཞན་དག11གིས་དཔྱིད་འདེབས་ས་བོན་མཁོ་འདོན་གྱི་དགོས་མཁོ་གཞིར་བཟུང་ནས་དུས་ཐོག་ཏུ་ལས་འགོ་བསྐྱར་ཚུགས་བྱ་རྩིས་ཡོད་པ་རེད།

ན་ནིང་ནས་བཟུང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ས་བོན་དོ་དམ་སྡེ་ཁག་གིས་སྒོ་རྩར་ཞབས་ཞུ་བྱེད་པ་དང་། ཞབས་ཞུའི་དུས་ཚོད་ཇེ་རིང་དུ་གཏོང་བ། འགྲོ་ལུགས་སྟབས་བདེ་རུ་གཏོང་བ་སོགས་བྱེད་ཐབས་ནུས་ལྡན་སྤྱད་དེ་སོན་བཟང་ཉོ་སྒྲུབ་དང་གསོག་ཉར་ལས་ཀ་ཡག་པོ་བསྒྲུབས་ནས་ཞིང་ལས་ཐོན་སྐྱེད་ཀྱི་དགོས་མཁོ་ཁག་ཐེག་བྱས། དེ་དང་ཆབས་ཅིག་ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་མ་དངུལ་ཁ་གསབ་བྱས་པ་བརྒྱུད་ས་བོན་གྱི་རིན་གོང་གཏན་འཇགས་ཡོང་བར་བྱས་ནས་གེགས་ཁུལ་གྱི་ཐོན་སྐྱེད་ཐད་སྤྱོད་པའི་ས་བོན་ལ་འགན་ལེན་བྱས་པས་གསོག་ཉར་ལས་དོན་དེ་སྤྱིའི་ཆ་ནས་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། 2019ལོར་ཞིང་ཆེན་ཡོངས་ཀྱི་ས་བོན་ཁེ་ལས27གྱིས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་སྤྱི་རྒྱ་ཁྲི3080.97གསོག་ཉར་བྱས་པའི་ནང་གྲོ་སྤྱི་རྒྱ་ཁྲི1001.86དང་། ནས་སྤྱི་རྒྱ་ཁྲི་669.77། རྒྱ་སྲན་སྤྱི་རྒྱ་ཁྲི163.8། པད་ཁ་སྤྱི་རྒྱ291.5། ཞོག་ཁོག་སྤྱི་རྒྱ་ཁྲི950.56། དེ་མིན་ལོ་ཏོག་གཞན་དག་སྤྱི་རྒྱ་ཁྲི3.48བཅས་གསོག་ཉར་བྱས་ཡོད་པས་ད་ལོའི་དཔྱིད་དུས་ཀྱི་ཐོན་སྐྱེད་ཐད་སྤྱོད་པའི་ས་བོན་གྱི་དགོས་མཁོ་སྐོང་ཐུབ་ངེས་རེད། ། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།