མཚོ་སྔོན་གྱིས་ཧུའུ་པེར་རོགས་སྐྱོར་དུ་སྐྱོད་པའི་སྨན་བཅོས་རུ་ཁག་ལ་སྤྲིངས་པའི་འཚམས་འདྲིའི་ཡི་གེ།

མཚོ་སྔོན་གྱིས་ཧུའུ་པེར་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་གི་བློ་མཐུན་རྣམ་པ།

ཁྱེད་རྣམ་པས་དཀའ་ལས་མྱངས་སོང་།

མིག་རྡེབ་དབང་ཙམ་ལ་ཁྱེད་ཚོ་ཧུའུ་པེར་སོང་ནས་ཉིན་བཅུ་ལྷག་འགོར་སོང་། ཉིན་བཅུའི་སྔོན་ལ་ཁྱེད་ཚོ་ཕེབས་སྐྱེལ་ཞུ་བའི་རྣམ་པ་ད་དུང་མིག་ལམ་དུ་གསལ་ལེར་འཆར་འོངས། ཉིན་བཅུ་ལྷག་ཙམ་གྱི་རིང་ལ་ཁྱེད་ཚོའི་ནང་མི་རྣམས་ཀྱིས་ཁྱེད་ཚོ་དྲན་གྱིན་ཡོད་ལ། ཕ་ཡུལ་གྱི་མི་དམངས་ཀྱིས་ཀྱང་ཁྱེད་ཚོ་དྲན་བཞིན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྱང་ཁྱེད་ཚོ་དྲན་གྱིན་ཡོད། ང་ཚོས་བརྙན་འཕྲིན་དང་ཚགས་པར་ཐོག་ནས་ཉིན་བཞིན་ཁྱེད་ཚོའི་བྲེལ་བརྩོན་ཆེ་བའི་གཟུགས་བརྙན་མཐོང་ཐུབ་ལ། འགོག་སྲུང་གི་དགོས་མཁོའི་དབང་གིས་ང་ཚོས་ཁྱེད་རྣམ་པའི་གཅེས་སུ་འོས་པའི་ཞལ་རས་མཐོང་མི་ཐུབ་མོད། འོན་ཀྱང་ཁྱེད་ཚོའི་སྨན་པའི་བྱམས་བརྩེ་ཚོར་ཐུབ་པར་མ་ཟད། བྱང་ཆུབ་སེམས་དཔའ་ལྟ་བུའི་ཁྱེད་ཚོའི་སྙིང་རྗེ་ཆེན་པོ་ཡང་ཚོར་ཐུབ།

 “ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན། ཕྱོགས་བརྒྱད་ནས་རོགས་སྐྱོར་བྱེད།” མེས་རྒྱལ་ལ་དགོས་མཁོ་ཆེས་ཆེ་བའི་སྐབས་སུ། ཁྱེད་ཚོས་རང་ཁྱིམ་རྒྱབ་ཏུ་བསྐྱུར་ནས་མེས་རྒྱལ་པང་དུ་བླངས། རང་གཅེས་ཡལ་བར་དོར་ནས་གཞན་གཅེས་ཐུགས་སུ་ཉར་ཏེ། རིམས་ནད་ནི་ཟློག་མེད་ཀྱི་བཀའ་དང་སྔོན་འགོག་ཚོད་འཛིན་ནི་གཟུར་མེད་ཀྱི་འགན་འཁྲིར་བརྩིས་ནས། མིག་ཆུ་འཐོར་བཞིན་རྒས་སོང་གི་ཡབ་ཡུམ་དང་ན་ཕྲ་བའི་བུ་ཕྲུག་རྣམས་བསྐྱུར་ཏེ། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རིམས་ནད་ཟློག་སེལ་དང་ནད་པ་སྐྱོབ་བཅོས་བྱེད་པའི་འཐབ་ས་དང་པོར་བསྐྱོད་ནས་ཕྱོགས་སོ་སོའི་སྨན་བཅོས་རུ་དཔུང་ཆེན་མོ་དང་མཉམ་དུ་ཧུའུ་པེ་དང་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པར་གཅེས་སེམས་དྲོན་མོ་ཕུལ་བ་རེད། ཁྱེད་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་“ཚེ་སྲོག་གོང་བཀུར་དང་། སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་འབུལ་ཕོད་པ། སྙིང་རྗེར་ཕྱོགས་རིས་མེད་པ་”བཅས་ཀྱི་ལས་རིགས་སྙིང་སྟོབས་ལག་ལེན་བསྟར་བ་དང་། རང་གི་ལང་ཚོ་དང་ཚེ་སྲོག་ལ་བརྟེན་ནས་དུས་རབས་གསར་བའི་སྨན་བཅོས་ལས་བྱེད་པའི་ངོ་མཚར་ཆེ་བའི་མཛད་རྗེས་ཀྱི་ལེའུ་གསར་པ་བརྩམས་ཡོད། ཁྱེད་ཚོ་ནི་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱི་མིག་དཔེ་ཡིན་པ་དང་། མཚོ་སྔོན་ལ་ཁྱེད་ཚོ་ལྟ་བུའི་བུ་ཕྲུག་བཟང་པོ་ཡོད་པས་ང་ཚོ་སྤོབས་པས་ཀུན་ནས་བརྟས་ཡོད། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་བྱས་ནས། ཁྱེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཏེ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

མིག་སྔར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ཆེ་ཞིང་རྙོག་འཛིང་ལྡན་པས། ཁྱེད་ཚོའི་ཕྲག་སྟེང་གི་ཁུར་པོ་ཡང་སྔར་བཞིན་ཧ་ཅང་ལྕི་ལ། ཁྱེད་ཚོར་འཕྲད་པའི་དཀའ་སྡུག་ཀྱང་སྔར་བཞིན་རྣམ་པ་སྣ་ཚོགས་ཡོད། དཀའ་བའི་ལས་མ་བརྒྱུད་ན་ཞིམ་པོའི་ཟས་མི་རེག་པ་ལྟར། ད་ཐེངས་ཀྱི་དཀའ་སྡུག་འདི་བརྒྱུད་དེ་ཁྱེད་ཚོ་སྔར་བས་སྟོབས་ལྡན་དུ་འགྱུར་བ་དང་། སྔར་བས་ཡིད་ཆེས་ཀྱིས་གཏམས་པ། སྔར་བས་ཤེས་རྒྱ་ཆེ་བ་བཅས་སུ་འགྱུར་ངེས་པ་རེད། ཁྱེད་ཚོའི་ནང་མི་རྣམས་ཐོག་མཐའ་བར་གསུམ་དུ་ཁྱེད་ཚོ་དང་མཉམ་དུ་ཡོད་པ་དང་། མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཚོ་ཐོག་མཐའ་བར་གསུམ་དུ་ཁྱེད་ཚོ་དང་མཉམ་དུ་ཡོད་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཡང་ཐོག་མཐའ་བར་གསུམ་དུ་ཁྱེད་ཚོ་དང་མཉམ་དུ་ཡོད། རིམས་ནད་ཀྱིས་ཀྲུང་གོའི་མི་དམངས་ལ་འཇིགས་སྣང་སྐུལ་མི་ཐུབ་པ་དང་། མཐོ་སྒང་གི་བུ་ཕྲུག་ཚོར་སྐྲག་སྣང་དེ་བས་ཀྱང་སྟེར་མི་ཐུབ་ལ། གོས་དཀར་གྱོན་པའི་བྱང་ཆུབ་སེམས་དཔའ་ཁྱེད་ཚོ་ལ་སྐྲག་སྣང་དེ་ལས་ཀྱང་སྟེར་ག་ལ་ཐུབ། ཁྱེད་ཚོས་མདུན་ཕྱོགས་སུ་དམག་འཐབ་བྱེད་བཞིན་ཡོད་ལ། ང་ཚོས་རྒྱབ་ཕྱོགས་སུ་བརྟན་སྲུང་བྱེད་བཞིན་ཡོད། ཁྱེད་ཚོའི་ཕ་མ་དང་བུ་ཕྲུག་ཀྱང་ང་ཚོའི་ཕ་མ་དང་བུ་ཕྲུག་ཡིན་པས། ང་ཚོས་ནུས་ཤུགས་ཡོད་རྒུས་ཁོང་ཚོར་གཅེས་སྐྱོང་ཡག་པོ་བགྱིས་ཏེ་ཁྱེད་ཚོར་འགན་སྲུང་དང་རྒྱབ་སྐྱོར་ལེགས་པོ་བྱེད་ངེས་ཡིན། ཁྱེད་ཚོས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་བདག་སྐྱོང་ཡག་པོ་བྱས་ཏེ། སྐུ་ལུས་བདེ་ཐང་ངང་བློ་བདེ་ཞིང་སེམས་བརྟན་པའི་སྒོ་ནས་འགན་འཁྲི་བསྒྲུབ་དགོས།

དཔྱིད་དཔལ་ལྷ་ཡི་ཕོ་ཉས་བརྩེ་སེམས་བསྣམས་ནས་སླེབས་ན། །རིམས་ནད་བདུད་ཀྱི་གཡབ་མོར་འདས་པའི་དུས་ཤིག་ལོས་ཡོད། ། ང་ཚོས་ཡིད་ཆེས་བརྟན་པོས་ལག་གདང་སྦྲེལ་ནས། ཕྱར་བ་གྲུ་འདེགས་ཀྱིས་ཚན་རིག་དང་མཐུན་པའི་འགོག་བཅོས་དང་། གནད་སྨིན་ཇུས་འདོན་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་འཐབ་འཛིང་། འགོག་རྒོལ་འཐབ་འཁྲུག་བཅས་ལས་རྣམ་པར་རྒྱལ་བར་འབད་འཐབ་ལྷོད་མེད་བྱེད་དགོས་ལ། སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་འཛུམ་མདངས་ཀྱིས་ཅིས་ཀྱང་བསུ་དགོས།

ཁྱེད་ཚོས་སྔ་མོ་ནས་རྒྱལ་ཁ་བླངས་ཏེ་བདེ་འཇགས་ངང་ཕྱིར་ལོག་པར་རེ་སྒུག་བྱས་ཡོད།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིག་ཉིང་།

2020ལོའི་ཟླ2ཚེས13ཉིན།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།