མཚོ་སྔོན་གྱིས་སྒོར་ཁྲི་1200ལྷག་གི་དངོས་ཟོག་ཞལ་འདེབས་སུ་ཕུལ་ཏེ་ཧུའུ་པེ་རུ་བསྐྱལ་བ་དང་ཧྲིན་ཀྲང་ལིག་ཉིང་གིས་རླངས་འཁོར་རུ་ཁག་སྐྱེལ་མ་བྱས།

2.jpg

ཟླ་2པའི་ཚེས་13ཉིན།  རོགས་སྐྱོར་དངོས་རྫས་འདྲུད་པའི་རླངས་འཁོར་ལམ་ལ་ཆས་པར་གྲ་སྒྲིག་བྱེད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་2པའི་ཚེས་13ཉིན་གྱི་དུས་ཚོད་10དང་སྐར་མ་30སྟེང་།  མཚོ་ཤར་མྱུར་བགྲོད་གཞུང་ལམ་དངུལ་བསྡུ་ས་ཚིགས་ཤར་ཕྱོགས་སུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་དང་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་གྱིས་ཧུའུ་པེ་ལ་རོགས་སྐྱོར་དངོས་རྫས་སྐྱེལ་པའི་རླངས་འཁོར་ལམ་དུ་ཆས་རྒྱུ་ཁྱབ་བསྒྲགས་བྱས་པ་མ་ཟད་རླངས་འཁོར་རུ་ཁག་ལ་སྐྱེལ་མ་བྱས།  རུ་ཁག་འདིས་མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་མཛའ་བརྩེ་ཟབ་མོ་མཚོན་པ་དང་།  རིན་ཐང་སྒོར་ཁྲི་1200ལྷག་གི་རོགས་སྐྱོར་དངོས་རྫས་འདྲུད་པའི་རླངས་འཁོར་རུ་ཁག་གིས་ཉིན་མཚན་མེད་པར་སྤྱི་ལེ་1600བརྒྱུད་དེ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་བསྐྱོད་རྒྱུ་རེད།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ།  ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་གཞོན་པ་ཁོང་ཡུང་གིས་སྐྱེལ་མ་བྱེད་པའི་མཛད་སྒོར་འགོ་མཛིན་བྱས།

ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ་བཞིན་དུ།  མཚོ་སྔོན་གྱིས་ཧུའུ་པེ་ལ་རོགས་སྐྱོར་བྱེད་རྒྱུ་ནི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་པས།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་དང་བཀོད་སྒྲིག་བཟང་བོ་བྱས་ཤིང་།  འབྲེལ་ཡོད་སྡེ་ཁག་གིས་ཉིན་མཚན་མེད་པར་རོགས་སྐྱོར་དངོས་རྫས་གསོག་བསྡུ་བྱས།  མཚོ་སྔོན་ཡུས་ཐའེ་ཕྱུགས་ལས་ཐོན་རྫས་ཚད་ཡོད་ཀུང་ཟི་དང་།  མཚོ་སྔོན་ཨ་ཆེན་གངས་རྒྱབ་ཁེ་ལས་གསར་སྤེལ་ཚོགས་སྒྲིལ་ཚད་ཡོད་ཀུང་ཟི།  མཚོ་སྔོན་ཐེན་ལུའུ་འོ་ལས་ཚད་ཡོད་འགན་འཁྲི་ཀུང་ཟི་སོགས་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཚོགས་པ་མང་པོས་ལུག་ཤ་དང་སྐམ་ཤ་ཏུན་50དང་།  ཤ་སྐམ་ཏུན་16།  ཞོ་ཏུན་44།  ཀ་ར་ཀོ་རེ་སྒམ་493།  འབྲུ་ལྔའི་སྐམ་ཐུག་སྒམ་350།  84དུག་སེལ་བཤེར་ཁུལ་ཏུན་50།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་པ་དམངས་ཚོགས་ཀྱིས་རང་འགུལ་ངང་ཞལ་འདེབས་བརྒྱབ་པའི་དབྱར་རྩྭ་དགུན་འབུ་སོགས་དངོས་རྫས་དག་ཧུའུ་པེ་རུ་སྐྱེལ་འདྲེན་བྱས་ཏེ།  ཧུའུ་པེ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་ཐོན་སྐྱེད་སླར་གསོ་ཡོང་རྒྱུར་ནུས་ཤུགས་ཕྲན་བུ་བཏོན་ཡོད་པ་རེད། 

ལིག་ཉིང་གིས་བཤད་རྒྱུར།  མཚོ་སྔོན་ནི་འབྲུ་ཆུའི་ཆུ་འགོ་རུ་གནས་པ་དང་ཧུའུ་པེ་ནི་འབྲུ་ཆུའི་དབུས་རྒྱུད་དུ་གནས་པས།  ས་ཆ་གཉིས་ཀྱི་རི་ཆུ་འབྲེལ་ཞིང་ཉི་ཟླའི་གཟི་མདངས་ལ་མཉམ་དུ་རོལ་ནས་གཙང་ཆུ་མཉམ་འཐུང་བྱེད་བཞིན་ཡོད་པས།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ཛ་དྲག་གི་མདུན་དུ་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཧུའུ་པེ་ཡི་རིགས་སོ་སོའི་མི་དམངས་ལ་སེམས་ཁུར་བྱེད་བཞིན་ཡོད།  མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་ཧུའུ་པེ་ཞིང་ཆེན་དུ་སྨན་བཅོས་རུ་ཁག་གཉིས་དང་ཞིང་ཆེན་རྒྱ་གྲམ་དམར་པོའི་རོགས་སྐྱོར་རུ་ཁག་བཅས་བསྡོམས་པས་མི་སྣ་249མངགས་པ་དང་།  མི་འགྱངས་པར་གཏོང་རྒྱུ་ཡིན་པའི་དངོས་ཟོག་སྐྱེལ་འདྲེན་རུ་ཁག་ནི་བརྩེ་སེམས་ཀྱི་ནུས་ཤུགས་མཐུད་མཁན་དང་བརྒྱུད་སྒྲོག་པ་ཡིན་ལ། ཁྱེད་ཚོས་དཀའ་སྡུག་ལ་མི་འཛེམ་པར་མཚོ་སྔོན་མི་དམངས་ཀྱི་སེམས་ཁུར་དང་འཚམས་འདྲི་དུས་ལྟར་ཧུའུ་པེ་ལ་སྐྱེལ་བ་དང་། ཁྱེད་ཚོས་རང་ཉིད་ཀྱི་ལུས་ཕུང་ལ་གཅེས་སྤྲས་བྱས་ནས་བདེ་འཇགས་ངང་ཕྱིར་ཕ་ཡུལ་དུ་ལོག་པའི་རེ་བ་བཅངས་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།