མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་ཐག་གཅོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ།

1.jpg

མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པ་ཟི་ལིང་དུ་འཚོགས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་ཟི་ལིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པ་བསྡུས་ཏེ། ཞིང་ཆེན་གྱི་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་འགན་འཁུར་བ་དང་སྨན་བཅོས་ཆེད་མཁས་པ་གདན་ཞུ་བྱས་ནས“ཉེ་དུས་མཚོ་སྔོན་ཞིང་ཆེན་གྱི་ནད་པ་སྐྱོབ་བཅོས་དང་། སྨན་བཅོས་མི་སྣ་གསོ་སྦྱོང་བྱས་ཚུལ། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྲུང་ཐག་གཅོད་ཁྲོད་ཀྱི་ལས་འགོ་འཛུགས་པ་དང་མ་དངུལ་འགན་ལེན་བྱས་ཚུལ”བཅས་ལ་དམིགས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་རིམས་ནད་འགོག་སྲུང་ཐག་གཅོད་ཀྱི་འབྲེལ་ཡོད་ལས་དོན་ཐད་ལན་བཏབ།  

2.jpg

ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་འགོག་སྲུང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་དྲིལ་བསྒྲགས་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཀྲི་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

3.jpg

 མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེ་ཆི་ལུའུ། 

ཡོངས་བསྒྲགས་ཚོགས་འདུའི་ཐོག ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེ་ཆི་ལུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་སྨན་བཅོས་བྱས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ18གཏན་འཁེལ་བྱས་ལ། དེ་ཁྲོད་ཟི་ལིང་གྲོང་ཁྱེར་དུ་ནད་དཔེ15དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ནད་དཔེ3ཡོད། ཟླ2པའི་ཚེས12ཉིན་གྱི་ཆུ་ཚོད24བར་རིམ་རྩིས་བྱས་ན་སྨན་ཁང་ནས་བུད་པའི་ནད་པ9དང་། ད་དུང་སྨན་ཁང་དུ་སྡོད་པའི་ནད་པ9ཡོད་པ་རེད། སྨན་ཁང་དུ་སྡོད་པའི་ནད་པ9ཡི་ཁྲོད་དུ་ཞིང་ཆེན་མི་དམངས་སྨན་ཁང་བཞི་བར་ནད་པ8ཡོད་ལ། དེ་ཁྲོད་ནད་གཞི་ཡངས་བའི་ནད་པ1དང་། སྤྱིར་བཏང་ནད་པ4། ནད་གཞི་ལྕི་བའི་ནད་པ1། ཤི་ཉེན་ཆེ་བའི་ནད་པ2བཅས་ཡོད། གཞན་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་ནད་པ1ཡོད་ལ་དེའི་ནད་ཡངས་ཤོས་ཤིག་ཡིན། ཟླ2པའི་ཚེས6ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་དུ་ཉིན7ལ་བསྟུད་མར་ནད་གཞི་གཏན་འཁེལ་དང་དོགས་ཡོད་ནད་རྟགས་ཅན་གྱི་ནད་པ་གསར་དུ་ཐོན་མེད། ཟླ2པའི་ཚེས13ཉིན་གྱི་ཕྱི་དྲོར། ཞིང་ཆེན་མི་དམངས་སྨན་ཁང་བཞི་བར་ཡང་ནད་པ་གཉིས་སྨན་ཁང་ནས་ཕྱིར་བུད། མཚོ་སྔོན་ཞིང་ཆེན་དུ་སྨན་ཁང་ནས་བུད་པའི་ནད་པ11དང་མུ་མཐུད་དུ་ནད་བཅོས་བྱེད་བཞིན་པའི་ནད་པ7ཡོད། ང་ཚོས་སྨན་ཁང་དུ་སྡོད་པའི་ནད་པར་མུ་མཐུད་དུ་དོ་ཁུར་ཆེན་པོ་བྱས་ནས་ཆེད་མཁས་པ་དང་ལྷན་དཔྱད་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱ་རྒྱུ་ཡིན་ཟེར། 

ཧྲེ་ཆི་ལུའུ་ཡིས་ད་དུང་སྨན་བཅོས་སྲོག་སྐྱོབ་ཀྱི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་རིམ་དབྱེའི་སྨན་བཅོས་དྲ་བ་བཙུགས་ནས་ངེས་གཏན་སྨན་ཁང9གཏན་འཁེལ་བྱས་ཡོད་ལ། དེའི་ཁྲོད་ཞིང་ཆེན་རིམ་པའི་ངེས་གཏན་སྨན་ཁང1དང་། གྲོང་ཁྱེར་དང་ཁུལ8ལ་སོ་སོར་སྨན་ཁང1རེ་ཡོད། སྨན་བཅོས་སྲོག་སྐྱོབ་ཀྱི་ཆེད་མཁས་པའི་ཚོགས་ཆུང་བཙུགས་ནས་ཞིང་ཆེན་ཕྱི་ནང་གི་རིག་ཚན་མང་བའི་ཆེད་མཁས་པས་མཉམ་འབྲེལ་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ལ། “ནད་དཔེ་གཅིག་བསྡུས། ཆེད་མཁས་པ་གཅིག་བསྡུས། ཐོན་ཁུངས་གཅིག་བསྡུས། སྐྱོབ་བཅོས་གཅིག་བསྡུས”བཅས་ཀྱི་སྐྱོབ་བཅོས་བྱ་ཐབས་དོན་འཁྱོལ་བྱས་ཤིང་། ཚན་རིག་དང་མཐུན་ཞིང་གནད་འཁེལ་མྱུར་སྐྱོབ་ཀྱི་ཐབས་ཇུས་ལ་ཤུགས་སྣོན་བརྒྱབ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་བཅོས་ཇུས་གཞིའི་བླང་བྱ་ལྟར་ནད་པ་སྨན་ཁང་ནས་འབུད་པའི་ཚད་གཞི་ཁ་གསལ་བཟོས་ཡོད། 

4.jpg

མཚོ་སྔོན་གྱི་མཁས་དབང་། སྐབས43པའི་ནན་ཏིང་ཀེར་གཟེངས་རྟགས་ཐོབ་མཁན། དགེ་རྒན་ཆེ་མོ་ཀྲའོ་ཧྲེང་ཤིའུ། 

མཚོ་སྔོན་གྱི་ཆེད་མཁས་པ་དང་སྐབས43པའི་ནན་ཏིང་ཀེར་གཟེངས་རྟགས་ཐོབ་མཁན། དགེ་རྒན་ཆེན་མོ་ཀྲའོ་ཧྲེང་ཤིའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་སྨན་བཅོས་འགོག་སྲུང་དང་སྐྱོབ་བཅོས་ནུས་པ་གསོ་སྦྱོང་བྱས་ཚུལ་ཁྱབ་བསྒྲགས་བྱས། ཁོ་མོས་ངོ་སྤྲོད་བྱས་པ་ལྟར་ན། ཏོག་གསར་གློ་ཚད་ནི་འགོས་ནད་རང་བཞིན་ཁ་པའི་རིམས་ནད་ཅིག་རེད། སྨན་པ་དང་ནད་གཡོག་གི་འགོག་སྲུང་ལེགས་པོ་བྱ་རྒྱུའི་གལ་འགངས་ཤིན་ཏུ་ཆེ་ལ། ལྷག་པར་དུ་ཝུའུ་ཧན་ལ་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་སོང་བ་དང་བསྟུན། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་མི་སྣ་དུས་ངེས་མེད་དུ་རོགས་སྐྱོར་དུ་འགྲོ་དགོས་པས། དུས་ཚོད་ཐུང་ལ་ལས་འགན་ལྕི་བའི་སྐབསའདིར། སྨན་བཅོས་མི་སྣའི་འགོག་སྲུང་གི་གྲ་སྒྲིག་སྣ་ཚོགས་སྔར་བས་ལེགས་པོར་བསྒྲུབ་དགོས། སྨན་བཅོས་མི་སྣར་སྲུང་སྐྱོབ་ཡག་པོ་བྱས་ན་ད་གཟོད་ནད་པར་སྐྱོབ་བཅོས་ལེགས་པོ་བྱེད་ཐུབ། དེ་བས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་ཞིང་ཆེན་ཡོངས་སུ་སྨན་བཅོས་མི་སྣའི་འགོག་སྲུང་དང་སྐྱོབ་བཅོས་ནུས་པའི་གསོ་སྦྱོང་སྤེལ་ནས། དངོས་འཐབ་ཅན་གྱི་བླང་བྱ་ལྟར་གསོ་སྦྱོང་ཚད་ལྡན་བྱས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་འགོག་སྲུང་ལས་དོན་མཛུབ་ཁྲིད་ཚོགས་ཆུང28པ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་མཚོ་སྔོན་དུ་སླེབས་པའི་འབུམ་རམས་པའི་ཚོགས་པའི་ཆེད་མཁས་པས་ཚད་མཐོའི་ཁས་ལེན་ཐོབ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོག་བཅོས་ནུས་པའི་གསོ་སྦྱོང་རྟེན་གཞི”བཙུགས་པ་དང་། རྟེན་གཞི་དེ་ཞིང་ཆེན་མི་དམངས་སྨན་ཁང་དུ་ཡོད་ལ་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་འབྲེལ་ཡོད་མི་སྣ་དང་དགེ་རྒན་གྱིས་གསོ་སྦྱོང་བྱེད་འགན་འཁུར་གྱིན་ཡོད་ཞེས་བསྒྲགས།  

5.jpg

མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲི་རུའེ་མིང་། 

ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲི་རུའེ་མིང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་པའི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས》ལ་འགྲེལ་བཤད་བརྒྱབ་པ་རེད། ཁོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཕྱོགས་གཅིག་ནས་རིམས་ནད་འགོག་སྲུང་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་“བརྟན་པོ་དྲུག”གི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་བཅས་སྡེ་ཁག་བཞིས་མཉམ་དུ་《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་པའི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས》ལ་ཞིབ་འཇུག་དང་འཆར་ཟིན་བཀོད། དེ་དམིགས་ཡུལ་གཙོ་བོ་ནི་རིམས་ནད་འགོག་སྲུང་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལུགས་སླར་གསོ་གཅིག་བསྡུ་བྱེད་ཆེད་ཡིན། འཕར་སྣོན་བརྟན་པོ་དང་། སྔོན་དཔག་བརྟན་པོ། མཁོ་སྤྲོད་བརྟན་པོ་བཅས་ཡོང་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཚད་ཆེས་ཆེ་བའི་སྒོ་ནས་ཇེ་དམའ་རུ་གཏོང་དགོསལ། དཔལ་འབྱོར་བརྟན་རླིང་ངང་འཁོར་སྐྱོད་བྱ་རྒྱུ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་རིམས་ནད་འགོག་སྲུང་གི་གཡུལ་འཐབ་ལས་རྒྱལ་བར་འདེགས་སྐྱོར་དང་འགན་སྲུང་སྐྲུན་དགོས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཡོང་བར་འབད་བརྩོན་བྱ་དགོས། 

6.jpg

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཧན་ཡུང་ཧྲེང་། 

ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཧན་ཡུང་ཧྲེང་གིས་ཞིང་ཆེན་ཡོངས་ཀྱི་འཚོ་བའི་མཁོ་ཆས་འགན་ལེན་མཁོ་སྤྲོད་དང་ཚོང་དོན་འཁོར་རྒྱུག་ཁེ་ལས་ཀྱི་ལས་འགོ་ཚུགས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་རིམས་ནད་བྱུང་བ་ནས་བཟུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ཚོང་དོན་མ་ལག་གིས་ཛ་དྲག་ངང་སྐུལ་སློང་དང་དུས་ཐོག་ཏུ་བྱ་འགུལ་སྤེལ་ནས་འཚོ་བའི་མཁོ་ཆས་མཁོ་སྤྲོད་ནུས་ལྡན་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། ཟླ1པོའི་ཚེས23ཉིན་འཚོ་བའི་མཁོ་ཆས་དང་འཕྲལ་སྡོམ་ཚོང་ཟོག་ལ་ཉིན་རེའི་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་བཙུགས་ནས་ཉིན་རེར་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱེད་ཀྱིན་ཡོད། འཚོ་བའི་མཁོ་རྫས་མཁོ་སྤྲོད་འདང་ངེས་དང་། འཚོ་བའི་མཁོ་རྫས་གསོག་འཇོག་ནུས་ལྡན་ཡིན་པ། རྐང་འཛིན་ཚོང་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། བཅོས་སྣུམ་མཁོ་སྤྲོད་འགན་ལེན་འདང་ངེས་བཅས་ཡིན་པས་ཁྲོམ་རའི་སྒྲིག་ལམ་སྤྱི་ཡོངས་ནས་ཡག་པོ་ཆགས་ཡོད།  མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་འཚོ་བའི་མཁོ་ཆས་སྒོ་རྩིས་ཚོང་ཁང་ཆེ་འབྲིང་ལས་གཉེར་བྱེད་འགོ་ཚུགས་ཚད99%ཟིན་པ་དང་། སྔོ་ཚལ་ཁྲོམ་ར་ལས་གཉེར་བྱེད་འགོ་ཚུགས་ཚད་ཟི་ལིང་གྲོང་ཁྱེར་དུ90%ཟིན་པ་དང་ཞིང་ཆེན་ཡོངས་སུ52%ཟིན་ཡོད། སྒོ་རྩིས་ཚོང་ཁང་དང་སྟབས་བདེའི་ཚོང་ཁང་ལས་གཉེར་བྱེད་ཚད་ཟི་ལིང་གྲོང་ཁྱེར་དུ90%ཟིན་པ་དང་ཞིང་ཆེན་ཡོངས་སུ18%ཟིན་ཡོད། ལས་གཉེར་བ་དག་རིམ་བཞིན་མཚོ་སྔོན་དུ་ལོག་པ་དང་བསྟུན་ཞིང་ཆེན་ཡོངས་ཀྱི་སྒོ་རྩིས་ཚོང་ཁང་ཆུང་གྲས་དང་སྟབས་བདེའི་ཚོང་ཁང་གཉེར་འགོ་ཚུགས་ཚད་ཀྱང་རིམ་བཞིན་མཐོ་རུ་ཕྱིན་ཡོད།  

7.jpg

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་རོང་ཙེང་ཡན།  

ཞིང་ཆེན་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་རུང་ཙེང་ཡན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྲུང་ཐག་གཅོད་ལས་དོན་ཁྲོད་ཀྱི་མ་དངུལ་འགན་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་རིམས་ནད་བྱུང་ཚུལ་བྱུང་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར་ཞིང་ཆེན་རིམས་ནད་འགོག་སྲུང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་འདོམས་འོག ལས་དོན་མགྱོགས་མྱུར་ངང་སྤེལ་བ་དང་རང་འགུལ་ངང་དང་ལེན་བྱས་ནས་མ་དངུལ་དང་སྲིད་ཇུས་འགན་ལེན་ཐད་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་རིམས་ནད་འགོག་སྲུང་ཐག་གཅོད་བྱ་ཆེད་ནོར་ཤུགས་ཀྱི་འགན་ལེན་བྱས་པ་རེད། སྲིད་ཇུས་དང་བྱ་ཐབས་དེ་དག་གིས་འབྲེལ་ཡོད་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་སྔར་བས་ཇེ་དམའ་རུ་གཏོང་བ་དང་། རིམས་འགོག་དངོས་ཟོག་དང་སྨན་རྫས་ཐོན་རྫས་མཁོ་སྤྲོད་འགན་ལེན་བྱ་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ལ་དཀའ་ངལ་ལས་སྒྲོལ་རོགས་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཐོན་ཁུངས་ནུས་ལྡན་ངང་སྐོང་འཐེན་བྱེད་པར་རོགས་འདེགས་བྱས་ཡོད། རྗེས་མར་ཞིང་ཆེན་ནོར་སྲིད་ཀྱིས་རིམས་ནད་ཀྱི་འཕེལ་ཕྱོགས་དང་འགོག་སྲུང་གི་དགོས་མཁོར་གཞིགས་ནས་གྲོན་དངུལ་འགན་ལེན་ལས་དོན་མུ་མཐུད་དུ་ཡག་པོར་སྒྲུབ་པ་དང་། མ་དངུལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱས་ཏེ་རིམས་ནད་འགོག་སྲུང་གི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་རྒྱུར་དེ་བས་ལེགས་པའི་འདེགས་སྐྱོར་བྱ་རྒྱུ་ཡིན།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།