སྨན་ཁང་ནས་འབུད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས། དེ་རིང་ཡང་མཚོ་སྔོན་གྱི་ཏོག་གསར་གློ་ཚད་ནད་པ4དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ནད་པ་བཞི་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་ནས་བུད་པའི་ནད་པ་ཁག་གསུམ་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་ཏོག་གསར་གློ་ཚད་ཕོག་པའི་ནད་པ15བསྡུས་ཡོད་ལ། རིམ་རྩིས་བྱས་ན་སྨན་ཁང་ནས་བུད་པའི་ནད་པ7ཡོད། ད་བར་དུ་མཚོ་སྔོན་ཞིང་ཆེན་དུ་ནད་པ18ཡོད་ལ་དེའི་ནང་གི་ནད་པ9དྲག་སྐྱེད་བྱུང་དེ་སྨན་ཁང་ནས་བུད་ཡོད། སྨན་ཁང་ནས་བུད་པའི་བསྡུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཏེ་སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། 

1.jpg

ཐེངས་འདིར་སྨན་ཁང་ནས་བུད་པའི་ནད་པ་བཞི་ནི་སོ་སོར། ཁྲེན་ཆེ་གེ་མོ་སྟེ་མཚོ་སྔོན་ཞིང་ཆེན་གྱི་ནད་པ་ཐོག་མ་དེ་ཡིན་ལ་ཟླ1པོའི་ཚེས23ཉིན་སྨན་ཁང་དུ་བསྡད་དེ་ཚེས25ཉིན་ནད་གཞི་གཏན་འཁེལ་བྱས། ཆི་ཆེ་གེ་མོ་སྟེ་ཟླ1པོའི་ཚེས27ཉིན་སྨན་ཁང་དུ་བསྡད་ལ་ཉིན་དེར་ནད་གཞི་གཏན་ཁེལ་བྱས། མཱ་ཆེ་གེ་མོ་སྟེ་ཟླ1པོའི་ཚེས26ཉིན་ཟི་ལིང་གྲོང་ཁྱེར་ཧུའེ་རིགས་སྨན་ཁང་དུ་བསྡད་ནས་བརྟག་དཔྱད་བྱས་རྗེས་ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་སྤོས་པ་དང་ཉིན་དེར་ནད་གཞི་གཏན་འཁེལ་བྱས། ཧན་ཆེ་གེ་མོ་སྟེ་ཟླ2པའི་ཚེས3ཉིན་ནད་གཞི་གཏན་ཁེལ་བྱས་རྗེས་མིན་ཡོན་རྫོང་མི་དམངས་སྨན་ཁང་ནས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བར་བསྐྱལ་ནས་སྨན་བཅོས་བྱས། 

ཟླ2པའི་ཚེས11ཉིན། རྒྱལ་ཁབ་ཀྱི《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི(ཚོད་ལྟའི་པར་གཞི་ལྔ་པ། བཟོ་བཅོས་པར་གཞི)》ཡི་སྨན་ཁང་ནས་འབུད་པའི་ཚད་གཞིར་གཞིགས་ཤིང་ཞིང་ཆེན་རིམ་པའི་རིག་ཚན་མང་པོའི་ཆེད་མཁས་ཀྱི་དཔྱད་དཔོག་བྱས་པ་བརྒྱུད་སྨན་ཁང་ནས་འབུད་པའི་ཚད་གཞི་དང་མཐུན་ཡོད། སྨན་ཁང་ནས་བུད་རྗེས་ས་དེ་གའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་བཀོད་སྒྲིག་འོག་ཉིན14རིང་ཁྱིམ་སྡོད་ཟུར་བཀར་ལྟ་ཞིབ་བྱེད་དགོས། 

2.jpg

གསར་འགོད་པར་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ནད་པ་བཞི་བོ་སྨན་ཁང་དུ་བསྡད་རྗེས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནད་བརྟག་སྨན་བཅོས་འཆར་གཞི་ལྟར། “ནད་དཔེ་གཅིག་བསྡུས། ཆེད་མཁས་པ་གཅིག་བསྡུས། ཐོན་ཁུངས་གཅིག་བསྡུས། སྐྱོབ་བཅོས་གཅིག་བསྡུས”བཅས་ཀྱི་སྐྱོབ་བཅོས་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་འབྱིན་རྔུབ་དང་། ནད་གཞི་ལྕི་རིགས། སྨན་ཚོར། བརྙན་གཟིགས། བརྟག་བཤེར། སྨན་རིག་པ། ཀྲུང་ལུགས་གསོ་རིག་སོགས་རིག་ཚན་གྱི་སྟོབས་ཤུགས་ཡག་ཤོས་བསྡུ་རུབ་བྱས་ལ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་དང་མི་རེའི་ཇུས་གཞི་རེ་འདོན་པ་དང་། མི་རེའི་གི་ཚོགས་པ་རེ་ཁྲིད་པ་བཅས་ལག་བསྟར་བྱས་ཤིང་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྨན་བཅོས་སྐྱོབ་བཅོས་བྱས། པེ་ཅིང་ཞེ་ཧོ་སྨན་ཁང་དང་ཀྲུང་རི་མཛའ་མཐུན་སྨན་ཁང་གི་རྒྱལ་ཁབ་རིམ་པའི་ཆེད་མཁས་དང་དྲ་ཐོག་ལྷན་དཔྱད་སོགས་འབྲེལ་འདྲེས་ཧུར་ཐག་བྱས་ནས་སྨན་བཅོས་ཀྱི་ཇུས་གཞི་རྒྱུན་ཆད་མེད་པར་ཇེ་ལེགས་ཇེ་བཟང་དུ་བཏང་། ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་ཉིན་རེར་ཆེད་མཁས་ཀྱིས་ནད་གཞིའི་གནས་ཚུལ་ལ་གདེང་འཇོག་བྱེད་རྒྱུ་རྩ་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱེད་པ་དང་འབྲེལ་ནད་པར་སེམས་ཁམས་ཁྲིད་སྟོན་དང་འཚོ་བཅུད་ཀྱི་རྒྱབ་སྐྱོར། མི་ཆོས་དོ་ཁུར། སྨན་པ་དང་ནད་པའི་འབྲེལ་འདྲེས་མཐུན་སྦྱོར། བདེ་ཐང་སློབ་གསོ་སོགས་ཀྱི་བྱ་ཐབས་བརྒྱུད། ནད་པ་བཞིའི་སྨན་བཅོས་ལ་གཞོགས་འདེགས་ཧུར་ཐག་དང་ནད་གཞི་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་བློ་སྟོབས་ཆེ་རུ་བཏང་བས་སྔ་ཙམ་ནས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་འབུད་པར་དུས་ཚོད་བརྩོན་ལེན་བྱས་པ་རེད།

ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་ཡོན་ཀྲང་ཤིས་ཨའེ་ཆིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་འགོས་ནད་ཆེད་སྦྱོང་སྨན་ཁང་གཅིག་པུ་ཡིན་པའི་ཆ་ནས། རིམས་ནད་བྱུང་བ་ནས་བཟུང་སྨན་ཁང་ཡོངས་ཀྱི་ལས་བཟོ་བས་ཐོག་མཐའ་བར་གསུམ་དུ་ནད་པའི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ཨང་དང་པོར་བཞག་སྟེ། བློ་གཅིག་སེམས་གཅིག་གིས་ཁ་གཏད་དང་ལེན་བྱས་པ་དང་། བབ་བརླིང་ངང་བརྡ་ལན་སྤྲད་ཅིང་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་དེ་རིམས་ནད་འགོག་བཅོས་དང་བཀག་འགོག་དམག་འཐབ་ཀྱི་འཐབ་ས་མདུན་མར་གདོང་མཆོང་བྱས་ནས། ནམ་ཡང་ཕྱིར་བཤོལ་མི་བྱེད་པ་དང་འཁང་ར་སྤུ་ཙམ་ཡང་མི་བྱེད་པར་རང་ཉིད་ཀྱི“དཀའ་ཚེགས་སྟོན་གྲངས”ཀྱིས་མང་ཚོགས་ཀྱི“བདེ་འཇགས་སྟོན་གྲངས”བརྗེ་ཚབ་ཧུར་ཐག་གིས་བྱས། ཟུར་བཀར་ས་ཁུལ་གྱི་སྨན་བཅོས་མི་སྣས་རང་ཁྱིམ་ཆུང་ཆུང་དེ་ཁྱིམ་ཚང་མང་པོའི་ཆེད་དུ་དོར་ཞིང་རང་འགུལ་ངང་གུང་གསེང་གཏོང་བའི་གོ་སྐབས་ཀྱང་སྐྱུར་ནས་ཉིན་གཅིག་ལ་རེས་ཐེངས་བཞིས་ཉིན་མཚན་མེད་པར་ལས་གནས་བརྟན་སྲུང་བྱས། དེའི་ཁྲོད་དུ་མང་ཆེ་བ་ནི་ལོ་རབས་80པའམ90པར་སྐྱེས་པ་དང་། ཚང་མའི་ཁྱིམ་དུ་ལོ་ལོན་བགྲེས་པོ་ཡོད་ལ་ན་ཆུང་བྱིས་པའང་ཡོད་འདུག འོན་ཀྱང་རིམས་ནད་ལས་རྣམ་པར་རྒྱལ་ཆེད། ཁོ་ཚོས་བྱིས་པ་རྣམས་བགྲེས་པོའམ་གྲོགས་པོར་བཅོལ་ནས་མི་མང་པོ་ཞིག་ཉིན20ལྷག་ལ་རང་ཁྱིམ་དུ་ལོག་མེད། ནད་པ་དྲག་སྐྱེད་ཡོང་ཆེད། ཁོང་ཚོས་འགོས་ནད་ཕོག་པའི་ཉེན་ཁར་མི་སྐྲག་པར་འགོག་སྲུང་གྱོན་ཆས་གྱོན་ནས་ཉིན་མཚན་ཀུན་ཏུ་ནད་ཁྲིའི་བར་ནས་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱས་ཤིང་ནད་པར་སྨན་བཅོས་ཞིབ་ཚགས་དང་གཅེས་སྐྱོང་གང་ལེགས་བྱས་པ་རེད། དེའི་རིང་། འགོག་སྲུང་དངོས་རྫས་གྲོན་ཆུང་བྱ་ཆེད་ཚང་མས་ཆུ་མང་ཙམ་འཐུང་མི་ཕོད་པ་ལ་ཟ་མ་མང་ཙམ་ཟ་མི་ཕོད། གསང་སྤྱོད་དུ་ཕྱིན་ནའང་དུས་ཚོད་འགོར་འགྱངས་དང་འགོག་སྲུང་དངོས་རྫས་འཕྲོ་བརླག་འགྲོ་རྒྱུར་སེམས་ཁྲལ་བྱེད་ཀྱིན་ཡོད། ཁོང་ཚོས་ཁ་ཁུ་སིམ་མེར་འབད་བརྩོན་བྱས་པ་དང་ཉིན་མཚན་མེད་པར་ལས་གནས་བརྟན་སྲུང་བྱས་ནས་ནད་པ་རེ་རེ་བཞིན་དྲག་སྐྱེད་བྱུང་བས་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། །

 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།