མཚོ་སྔོན་ཞིང་ཆེན་དུ་སླར་ཏོག་གསར་གློ་ཚད་ཀྱི་ནད་པ2དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས11ཉིན་གྱི་ཆུ་ཚོད16ཐོག ཟི་ལིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཀྱི་ནད་པ་གཉིས་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་ཚོགས་པས་སྨན་བཅོས་དང་གསོ་སྐྱོང་འོག་སྨན་ཁང་ནས་འབུད་པའི་ཚད་གཞི་དང་མཐུན་པས་བདེ་བླག་ངང་སྨན་ཁང་ནས་བུད། 

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིར་སྨན་ཁང་ནས་བུད་པའི་ནད་པ་གཉིས་ནི་མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་གཏན་འཁེལ་བྱས་ཟིན་པའི་ཀྲེན་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་གཉིས་ཡིན། ནད་པ་དེ་གཉིས་སོ་སོར་ཟླ1པོའི་ཚེས31ཉིན་དང་ཟླ2པའི་ཚེས2ཉིན་ཞིང་ཆེན་དང་གྲོང་ཁྱེར་གྱི་ནད་ཡམས་ཚོད་འཛིན་སྡེ་ཁག་གིས་ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་བསྐྱར་བཤེར་བྱས་པ་བརྒྱུད། ཞིང་ཆེན་རིམ་པའི་ཆེད་མཁས་ཀྱིས་རིགས་སྒྲུབ་བྱས་ཏེ་ཏོག་གསར་གློ་ཚད་ཕོག་མཁན་ཡིན་པར་གཏན་འཁེལ་བྱས་ནས་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་ཟུར་བཀར་སྨན་བཅོས་བྱས། ནད་པ་གཉིས་སྨན་ཁང་དུ་བསྡད་རྗེས་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པས་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་ཏེ་ནད་གཞིར་དོ་ཁུར་ཆེན་པོ་བྱས་པ་མ་ཟད། ཐེངས་དུ་མར་ཞིང་ཆེན་རིམ་པའི་ཆེད་མཁས་མི་སྣ་ལྷན་དཔྱད་མཛུབ་ཁྲིད་བྱ་རྒྱུར་གདན་དྲངས། ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི་ལྟར་ནད་ཐོག་སྨན་བཅོས་ཚོད་ལྟ་ཁང་དང་གཟུགས་བརྙན་རིག་པ་སོགས་འབྲེལ་ཡོད་ཞིབ་བཤེར་འཐུས་ཚང་དུ་བཏང་ནས་ནད་གཞིའི་གནས་ཚུལ་ལ་ཚོད་སྐོར་བྱས་ཤིང་ནད་དུག་འགོག་པ་དང་ཀྲུང་ལུགས་སྨན་བཟོ་སྨན་རྫས་ཀྱི་ཚ་དུག་སེལ་བ་སོགས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱིས་སྨན་བཅོས་བྱས་པ་རེད། དེ་དང་ཆབས་ཅིག་ཆེད་མཁས་པས་ཉིན་རེར་བརྟག་དཔྱད་བྱས་ནས་ནད་པའི་ནད་གཞིར་ཕྱོགས་བསྡུས་དཔྱད་དཔོག་བྱས་པ་དང་། སྨན་བཅོས་མི་སྣས་སེམས་ཁམས་ཁྲིད་སྟོན་བྱས་པ་དང་། བཟའ་བཏུང་ལ་ལྟ་རྟོག་ཞིབ་ཚགས་བྱེད་པ། དུས་ཐོག་ཏུ་ནད་གཞིའི་གནས་ཚུལ་ཤེས་རྟོགས་བྱེད་པ། ཚན་རིག་ཁྱབ་གདལ་དང་བདེ་ཐང་ཤེས་བྱ་སོགས་ཀྱི་བྱ་ཐབས་བརྒྱུད་ནད་པའི་སེམས་ཁམས་བདེ་རུ་བཏང་བ་དང་། ནད་པ་གཉིས་པོས་ཀྱང་སྨན་བཅོས་མི་སྣའི་གསོ་སྐྱོང་དང་སྨན་བཅོས་ལ་གཞོགས་འདེགས་ཧུར་ཐག་བྱས་པ་རེད།

ནད་པར་སྐྱོབ་བཅོས་ཞིབ་ཚགས་དང་ཉིན་ཧྲིལ་བོའི་གསོ་སྐྱོང་བྱ་རྒྱུ་འགན་སྲུང་བྱེད་ཆེད། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པས་ཚན་ཁག་སོ་སོའི་སྨན་བཅོས་མི་སྣ30ལྷག་སྨན་བཅོས་ཀྱི་སྐས་རིམ་རུ་ཁག3དུ་བགོས་ནས་ཆུ་ཚོད24ལ་ལས་རེས་བྱས། ནད་དུག་འགོག་པ་དང་སྨན་བཅོས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་འབྲེལ་ཡོད་སྨན་བཅོས་བྱས་པ་བརྒྱུད་ཟླ2པའི་ཚེས5ཉིན་ནས་བཟུང་ནད་པར་ཚ་བ་རྒྱག་པ་སོགས་ཀྱི་ནད་རྟགས་མེད་པར་གྱུར་བ་དང་། ཟླ2པའི་ཚེས7དང་ཚེས9ཉིན་གྱི་ཏོག་དབྱིབས་ནད་དུག་གསར་བའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པ་མངོན་མིན་ཡིན། རྒྱལ་ཁབ་ཀྱི《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྨན་བཅོས་ཇུས་གཞི(ཚོད་ལྟའི་པར་གཞི་ལྔ་པ་བཟོ་བཅོས་རྒྱག་པ)》གཞིར་བཟུང་ན་སྨན་ཁང་ནས་འབུད་པའི་ཚད་གཞི་དང་མཐུན་པས། ཞིང་ཆེན་རིམ་པའི་ཆེད་མཁས་པས་དཔྱད་དཔོག་བྱས་རྗེས་ཟླ2པའི་ཚེས11ཉིན་ནས་སྨན་ཁང་ནས་བུད།  

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འབྲེལ་ཡོད་ནད་པའི་ཟུར་བཀར་འཚམས་འཇོག་དང་སྨན་ཁང་ནས་བུད་རྗེས་དོ་སྣང་བྱེད་དགོས་པའི་དོན་ཚན》གྱི་བླང་བྱ་གཞིར་བཟུང་། ཐེངས་འདིར་སྨན་ཁང་ནས་བུད་པའི་ནད་པ་གཉིས་ཀྱིས་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་སྡི་ཁག་གི་་ལྟ་སྐུལ་དོ་དམ་འོག་ཉིན14ལ་ཁྱིམ་སྡོད་ཟུར་བཀར་དང་ལེན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།