མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཆེད་མངགས་པས་ཞིང་འབྲོག་མང་ཚོགས་ཁྲི39ལ་རིམས་ནད་འགོག་སྲུང་གི་ཆ་འཕྲིན་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ས་ཆ་གཞན་ནས་ཕྱིར་ལོག་པའི་མི་སྣས་གང་མྱུར་ངང་རང་སྡོད་སའི་གྲོང་ཚོ་རུ་ཐོ་འགོད་བྱས་ཏེ། ཕྱིར་བསྐྱོད་ཉུང་དུ་གཏོང་བ་དང་ནང་སྒོས་སུ་མི་མང་འཚོགས་སར་འགྲོ་རྒྱུར་སྔོན་འགོག་བྱེད་དགོས།” “གནམ་གཤིས་རིམ་གྱིས་ཇེ་བཟང་དུ་སོང་ནའང་། ཚང་མས་སྣང་མེད་ལྷོད་གཡེང་མི་བྱེད་པར་བྱ་བ་མེད་ཚེ་ཕྱི་ལ་འགྲོ་མི་རུང་སྟེ་ཉི་མས་ནད་འབུ་གསོད་མི་ཐུབ།” “རིམས་ནད་ཀྱི་གནས་ཚུལ་ལ་དོ་ཁུར་བྱེད་དགོས་མོད་སེམས་ངན་བཅངས་ནས་རྫུན་བཟོ་བྱེད་མི་རུང་། ཕྱི་རུ་འགྲོ་བར་འཛེམ་དགོས། ང་ཚོས་སླར་ཡང་རྒྱ་ཆེའི་གྲོང་མི་ཚོར་འབོད་སྐུལ་བྱ་རྒྱུར། རིམས་ནད་ཀྱི་མདུན་སར་འཇིགས་སྣང་མི་སྐྱེ་བར་རང་རྟོགས་རང་གཅུན་བྱེད་རྒྱུ་ནི་ཆེས་གལ་ཆེ་བ་དེ་ཡིན། སྟེས་དབང་གི་བསམ་ཚུལ་ཡོད་མི་རུང་བར་གནས་གཏན་སྨན་ཁང་དུ་བདེ་ཐང་སྲུང་། མི་ཚང་མ་ལྟ་སྐུལ་བ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་བྱེད་དགོས།”སོགས། ལོ་སར་དུས་ཆེན་འདིར་མཚོ་སྔོན་གྱི་ཞིང་འབྲོག་པའི་ལག་འཁྱེར་ཁ་པར་ཐོག་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཆེད་མངགས་པས་སྐུར་བའི་རིམས་ནད་འགོག་སྲུང་སྐོར་གྱི་ཡི་གེ་རེ་རེ་འབྱོར་གྱིན་ཡོད། 

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སའོ་ནས་ཤེས་རྟོགས་བྱས་པལྟར་ན། 2020ལོའི་ཟླ2པའི་ཚེས་9ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཆ་འཕྲིན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བརྒྱུད་རིམས་ནད་འགོག་སྲུང་ཆ་འཕྲིན3712ཁྱབ་གདལ་བཏང་བ་དང་སྤྱོད་མཁན396881གིས་བསྡུ་ལེན་བྱས་ཡོད། 

 མིག་སྔར། རིམས་ནད་ཀྱི་གནས་ཚུལ་འདིའི་འོག་མི་རྣམས་ཁྱིམ་ནས་སྒོར་འགྲོ་མི་ནུས་པས་འགུལ་སྐྱོད་ཀྱི་ཁྱབ་རྒྱ་ཆུང་ད྄ུ་ཕྱིན་ཞིང་། མི་རྣམས་ཀྱིས་ལག་འཁྱེར་ཁ་པར་དང་། བརྙན་འཕྲིན། དྲ་རྒྱ་བཅས་བརྒྱུད་ནས་ཆ་འཕྲིན་བསྡུ་རག་བྱེད་ཀྱིན་ཡོད་པས་དྲ་ཐོག་ཏུ་སྤྱོད་པའི་དུས་ཚོད་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། གནས་ཚུལ་འདིའི་འོག་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་འཕྲལ་དུ་ཞིང་ཆེན་ཡོངས་ཀྱི“ཁུལ་གསུམ”གྱི་ཤེས་ལྡན་མི་སྣ་དང་ཚན་རྩལ་ཆེད་མངགས་པ་དག་ལ་རིམས་ནད་འགོག་སྲུང་ལས་དོན་ནང་ཧུར་ཐག་སྒོས་ཞུགས་ནས་སྣེ་ཁྲིད་དེ་དྲང་ནུས་བརྒྱུད་སྤེལ་དང་། སྔོན་འགོག་ཚོད་འཛིན། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྲུང་བཅས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་དགོས་པའི་འབོད་སྐུལ་བཏང་། 《ཞིང་ཆེན་ཡོངས་ཀྱི“ཁུལ་གསུམ”ཤེས་ལྡན་མི་སྣ་དང་ཚན་རྩལ་ཆེད་མངགས་པར་ཕུལ་བའི་གྲོས་འདོན་ཡི་གེ》ཁྱབ་བསྒྲགས་བྱས་པ་དང་། 《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྲུང་ལག་དེབ》རྩོམ་སྒྲིག་པར་བསྐྲུན་བྱས། ཞིང་ཆེན་ཡོངས་ཀྱི“ཁུལ་གསུམ”གྱི་ཤེས་ལྡན་མི་སྣ་དང་ཚན་རྩལ་ཆེད་མངགས་པ2000ལྷག་ཙམ་གྱིས་འབོད་སྐུལ་དང་ལེན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཆ་འཕྲིན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་སམ་ཡང་ན་མི་སྒེར་གྱིQQདང་། སྐད་འཕྲིན། པོད་འཕྲིན་སོགས་སྤྱི་འབྲེལ་ལས་སྟེགས་བརྒྱུད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་བཏང་བ་དང་། ཡང་ན་རིམས་ནད་འགོག་སྲུང་གི་ཤེས་བྱ་བོད་ཡིག་ཏུ་བསྒྱུར་ནས་འབྲོག་པར་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་དང་ཐབས་ལམ་སྣ་ཚོགས་བརྒྱུད་ས་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།