ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་སྙན་ཞུར་ཉན་པར་མ་ཟད། མ་འོངས་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། རིམས་ནད་བྱུང་བ་ནས་བཟུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་སྒྲིག་དང་བཀོད་འདོམས་གནང་ཞིང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ལ། ཏང་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་བྱས་ཏེ་རིམས་ནད་མཆེད་པར་བཀག་འགོག་མཐའ་གཅིག་ཏུ་བྱས་པ་ལས་གཞན། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པར་མིག་དཔེ་བསྟན་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་ཡག་པོ་རྒྱ་ཁྱབ་ངང་ཐོབ་པ་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དཔེ་ལྟ་དང་ཏང་ཀྲུང་དབྱང་ལ་དཔེ་ལྟ་བྱས་ཏེ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་པ། མཚོ་སྔོན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་ཡོང་བར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐུགས་བློ་བདེ་པོ་ཡོང་བར་བྱེད་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་བདེ་པོ་ཡོང་བརབྱེད་པ་བཅས་ལ་འབད་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། རིམས་ནད་བྱུང་རྗེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་བཀའ་རྒྱར་བརྩི་སྲུང་མཐའ་གཅིག་ཏུ་བྱས་ནས། ཏང་སྲིད་འགོ་ཁྲིད་གཙོ་བོ་རིམས་ནད་བྱུང་སར་སོང་ནས་བཀོད་འདོམས་བྱེད་པ་དང་། བཀོད་འདོམས་པུའུ་ཡིས་སྤྱི་འདོམས་མཐུན་སྦྱོར་དོན་འཁྱོལ་བྱེད་པ། ས་ཁུལ་དང་སྡེ་ཁག་སོ་སོས་མཉམ་ལས་མཉམ་འགུལ་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་ལ་རྒྱ་ཁྱབ་ངང་སྐུལ་སློང་བྱེད་པ། སྨན་བཅོས་ལས་ཁུངས་དང་ཆེད་མཁས་མི་སྣས་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ། རིམས་ནད་ཀྱི་ཞིབ་འཇུག་བརྡར་གཅོད་དང་། དུས་མཚམས་ཀྱི་བཀོད་སྒྲིག དོ་ཁུར་ལ་ལན་འདེབས། བབ་བསྟུན་གྱི་བྱེད་ཐབས་བཅས་ལ་གཞིགས་ནས་ཁྲིམས་ལྟར་ཚན་རིག་དང་མཐུན་ཞིང་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འགོག་བཅོས་ཚོད་འཛིན་ལས་དོན་ལ་སྐུལ་འདེད་བཏང་བས། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྤྱིའི་ཆ་ནས་བརྟན་བརླིང་ངང་འགོག་བཅོས་ཚོད་འཛིན་ཐུབ་པ་བྱུང་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། སྨན་བཅོས་ལས་དོན་པ། ཕྱོགས་སོ་སོའི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་བརྩི་སྲུང་མཐའ་གཅིག་ཏུ་བྱེད་པ། བྱ་སྤྱོད་ཐམས་ཅད་ཀྱི་བཀོད་གཏོང་ལ་ཉན་པ་དང་། བྱ་བ་ཡོད་ཚད་ཀྱི་མཐུན་སྦྱོར་ལ་ཉན་པ། བཀོད་སྒྲིག་ཡོད་ཚད་ཀྱི་བཀོད་གཏོང་ལ་ཉན་པ་བཅས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དམག་འཐབ་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བསམ་ཇུས་གཅིག་གི་བསམ་བློ་མཐའ་འཁྱོངས་ཀྱིས། ཞིང་ཆེན་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག་ནས་ལག་ལེན་ལ་བསྟར་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སེམས་ཤུགས་གཅིག་སྒྲིལ་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མིག་སྔའི་ལས་དོན་གལ་ཆེ་ཤོས་དེ་དམ་འཛིན་ཡག་པོ་བྱེད་དགོས། ཕྱི་འགོག་ནང་འདྲེན་དང་ནང་ཁྱབ་ཚོད་འཛིན་གྱི་རྒྱ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་སྔོན་འགོག་བྱེད་ཐབས་ཡོད་པ་དང་། སྔོན་འགོག་ནུས་ལྡན་བྱེད་པ། སྔོན་འགོག་ཕན་འབྲས་ལྡན་པ་བཅས་བྱས་ཏེ་ཚོད་འཛིན་སྔ་ཙམ་དང་ཚོད་འཛིན་མགྱོགས་པོ། ཚོད་འཛིན་ནན་མོ་བཅས་བྱེད་པ་དང་། མི་གཅིག་ཀྱང་མི་ལུས་པ་དང་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ། མི་ཚང་མས་སྔོན་འགོག་ཚོད་འཛིན་དང་མི་ཚང་མས་ལྟ་སྐུལ། མི་ཚང་མར་ཕན་པ་ཐོབ་པ་བཅས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་ཤིག་ཆགས་པར་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ནད་གཞི་གཏན་འཁེལ་དང་ནད་རྟགས་ཡོད་པའི་ནད་པར་སྨན་བཅོས་བྱས་ཏེ་ནད་པ་མྱུར་སྐྱོབ་དང་སྨན་པར་ནད་མི་འགོས་པ། སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་བྱེད་པའི་རིང་ལ་མི་བདེན་རྫུན་སྒྲིག་དང་། ཁག་འགན་ཕར་དཀྲི་ཚུར་དཀྲི། ཁྲལ་སེལ་སླ་བཅོས། འགན་ཤོར་ལས་འཛོལ་བཅས་བྱེད་པའི་རིགས་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཀོད་སྒྲིག་ཞིབ་ཚགས་བྱེད་རྒྱུ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་ནི་དུས་ཚོད་ཀྱི་སྔ་གཞུག་ཙམ་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། རིམས་ནད་ཀྱི་གནས་ཚུལ་བློ་ལ་བརྟན་པོར་ངེས་ནས་མི་དམངས་ཀྱི་ཁེ་ཕན་དེ་ཐམས་ཅད་ལས་མཐོ་བ་དང་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ངེས་པར་དུ་འགན་ལེན་ནུས་ལྡན་བྱེད་དགོས། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ཐོན་སྐྱེད་དང་འཚོ་བ་བརྟན་ལ་གོ་རིམ་ལྡན་པར་འགན་ལེན་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་དངོས་ཟོག་སྣ་ཚོགས་མཁོ་སྤྲོད་ལ་འགན་ལེན་བྱེད་པ། ཁྲོམ་ར་བརྟན་པོ་དང་། དངོས་གོང་བརྟན་པོ། མི་སེམས་བརྟན་པོ་བཅས་ཡོང་བར་འབད་འབུངས་ལྷོད་མེད་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཚོགས་བདེ་འཇགས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམས་ནད་ནི་ས་གནས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ཚོད་བགམ་ཆེན་པོ་ཞིག་ཡིན་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་འཇགས་ཡོང་བར་རྒྱུན་འཁྱོངས་བྱ་རྒྱུ་ནི་ད་ཐེངས་ཀྱི་ཚོད་བགམ་ཆེན་མོའི་དགོས་ངེས་ཀྱི་དོན་སྙིང་ཞིག་ཀྱང་རེད། རིམས་ནད་ལ་ཁ་གཏད་འཇལ་སྐབས་མངོན་པའི་བརྟན་འཇགས་མིན་པའི་རྒྱུ་རྐྱེན་མཐའ་དག་ལ་མཐོང་ཆུང་བྱེད་མི་རུང་བ་དང་དམ་ལྷོད་བྱེད་མི་རུང་བ། གཟབ་ནན་ཚོད་འཛིན་དང་མཉམ་འགོག་མཉམ་འཛིན། མཉམ་འགོག་མཉམ་བཅོས་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། ལས་ཀའི་གཙོ་གནད་དུས་ཐོག་ཏུ་སྤོ་སྒྱུར་ཐུབ་པ་བྱེད་དགོས། འཕེལ་རྒྱས་ནི་ཡུན་བརྟན་གྱི་བརྗོད་བྱ་གཙོ་བོ་ཡིན་པས་ལྷོད་གཡེང་གཏན་ནས་བྱེད་མི་རུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་དང་བདེ་འཇགས་འགན་ལེན་ལ་དམ་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དམ་འཛིན་ནན་མོ་བྱེད་པ་དང་། ཐོན་སྐྱེད་ཁེ་ལས་སྣ་ཚོགས་ཀྱིས་ལས་འགོ་རྩོམ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ། མ་རྐང་འཇོག་པའི་ལས་གཞི་གསར་པ་ཡི་ལས་འགོ་འཛུགས་ཤུགས་ཆེ་རུ་གཏོང་བ། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིར་སྐུལ་འདེད་ཧུར་ཐག་གཏོང་བ། ལྷག་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་འགན་དམ་འཛིན་ཡག་པོ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དུ་མཚོ་སྔོན་གྱི་ལེགས་སྐྱེས་གང་མང་འབུལ་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལས་བྱེད་པར་སློབ་གསོ་གཏོང་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་གཅེས་རིང་ལུགས་ཀྱི་དགོངས་པ་དར་སྤེལ་ཤུགས་ཆེན་བཏང་ནས། རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་དགོས། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བསམ་བློ་གཏོང་སྟངས་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་དང་ལྟ་ཞིབ་ཡང་དག་བྱེད་པ་དང་། རིམས་ནད་ཀྱི་ཁྲོད་ནས་ཉམས་མྱོང་ཕྱོགས་བསྡོམས་དང་བསླབ་བྱ་བསྡུ་ལེན་བྱེད་པ། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་ལ་སྔར་ལས་དོ་སྣང་བྱེད་པ། བདེ་ཐང་གི་འཚོ་བ་དང་ཡ་རབས་ཀྱི་འཚོ་བ། བདེ་འཇགས་ཀྱི་འཚོ་བ་བཅས་ལ་སྔར་ལས་དོ་སྣང་བྱེད་པ། རང་བྱུང་ཁམས་ཆེན་མོའི་སྲུང་མཁན་ཡག་པོ་ཞིག་བྱེད་པ། རང་ཉིད་ཀྱི་ལུས་སེམས་བདེ་ཐང་གི་དོ་དམ་པ་ཡག་པོ་ཞིག་བྱེད་པ། དུས་རབས་གསར་པ་དང་འཚོ་བ་གསར་པའི་ལག་ལེན་པ་ཡག་པོ་ཞིག་བྱེད་པ་བཅས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།