མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། རྩ་འཛུགས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། དེ་མིན་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་ཏེ། རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་པར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན། རྩ་འཛུགས་ལས་ཁུངས་ལ་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པའི་འགན་འཁྲི་ལྗིད་མོ་ཡོད་པས། ཧུར་ཐག་དང་རང་འགུལ་སྒོས་འགན་འཁྲི་ལག་བསྟར་བྱེད་པ་དང་ཕན་འབྲས་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཇུས་ཆོད་བཀོད་སྒྲིག་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཆབ་སྲིད་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་དགོས་ལ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་གང་ལེགས་སྒོས་བསྒྲུབ་དགོས། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་རིམས་ནད་འགོག་བཅོས་རེ་བ་ཞིབ་ཕྲ་སྒོས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་པས་སྤོབས་པ་ཆེར་བསྐྱེད་སྒོས་བྱ་བ་བསྒྲུབ་པ་དང་ཉམས་སད་ཐེག་བར་སྐུལ་མ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མདུན་དུ་མཆོངས་པ་དང་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཐོག་མའི་འགན་འཁུར་ལག་ལེན་མཐའ་འཁྱོལ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།