དབུལ་སྐྱོར་འཁོར་ཁང་འཕྲལ་སྡོམ་འགོག་སྲུང་དངོས་ཟོག་ཐོན་སྐྱེད་བྱ་ཡུལ་དུ་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན ཟླ2ཚེས3ཉིན་གྱི་མཚན་གུང་དུ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་པེ་ཧྲན་གནས་སྤོ་ཁུལ་གསར་གྱི“དབུལ་སྐྱོར་འཁོར་ཁང”ནས་ད་དུང་གློག་འོད་འཕྲོ་ལ་འཚེམ་འཁོར་གྱི་སྒྲ་ཡང་ཐག་ཐག་ཏུ་གྲགས། དེ་ནི་ད་གཟོད་འཚེམ་བཟོ་བ་30ལྷག་ཙམ་གྱིས་ངལ་བ་དུ་མ་ཁྱད་དུ་བསད་དེ་འཚེམ་འཁོར་བཅུ་གྲངས་སྤྱད་ནས་འཐབ་ས་དང་པོ་བརྟན་སྲུང་བྱེད་བཞིན་པའི་ལས་སྒྲུབ་མི་སྣར་འགོག་སྲུང་གྱོན་གོས་འཚེམ་བཞིན་ཡོད་པ་རེད།

དབུལ་སྐྱོར་འཁོར་ཁང་དེ་2019ལོའི་ཟླ་12ཚེས་13ཉིན་སྒོ་བྱང་བཀལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་རྣམ་གྲངས་ཀྱི་རོགས་སྐྱོར་འོག་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་པེ་ཧྲན་ཤང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་མང་ཚོགས་ལ་བཏོད་པའི་ཐག་ཉེ་སར་ལས་ཞུགས་བྱེད་པའི་ལས་སྟེགས་ཤིག་རེད།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་རྗེས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་དངོས་ཟོག་ཁ་ཐང་བའི་ཛ་དྲག་དུས་བབ་ལ་དམིགས་ཏེ། རྨིན་ཧོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཕྱི་ཕྱོགས་ནས་འཕྲལ་སྡོམ་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དབོར་འདྲེན་ཉོ་སྒྲུབ་བྱས་པ་དང་ཆབས་ཅིག པེ་ཧྲན་དབུལ་སྐྱོར་འཁོར་ཁང་གྱོན་གོས་ཐོན་སྐྱེད་བྱ་ཡུལ་གྱི་ལས་སྟེགས་བརྒྱུད། ས་གནས་དེ་གའི་འཚེམ་བཟོ་ཆེ་མོ་བ་མགྱོགས་མྱུར་སྐོང་བསྡུ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་འགོག་སྲུང་གྱོན་གོས་བཙེམས་ནས“འཐབ་ས”དང་པོའི་འཕྲལ་སྡོམ་འགོག་སྲུང་གྱོན་གོས་ཁ་ཐང་བའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་སེལ་གང་ཐུབ་བྱས་པ་རེད།

པེ་ཧྲན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྥན་ཁྲེང་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་2ཚེས་1ཉིན་གྱི་ཕྱི་དྲོ། དབུལ་སྐྱོར་འཁོར་ཁང་གིས་མྱུར་དུ་ལས་འགོ་བཙུགས་ཏེ་། འཕྲལ་སྡོམ་འགོག་སྲུང་གྱོན་གོས་འཚེམ་དགོས་པའི་སྐོར་གྱི་རྫོང་ཨུད་ཀྱི་བརྡ་ཐོ་འབྱོར་རྗེས། པེ་ཧྲན་ཤང་ཏང་ཨུད་དང་རྫོང་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ། སྐད་འཕྲིན་ཚོགས་པ་དང་མི་ཕན་ཚུན་མངགས་བཅོལ་སོགས་ལ་བརྟེན་ནས་ཛ་དྲག་གི་གྲོས་འགོ་བཏོན་མ་ཐག་པའི་དགོང་མོ་དེ་རང་ལ་ས་གནས་དེ་གའི་འཚེམ་བཟོ་ཆེ་མོ་བ་25དབུལ་སྐྱོར་འཁོར་ཁང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རོགས་སྐྱོར་བྱེད་པར་འབྱོར་བ་རེད།

ཁང་ཧའེ་ལན་ནི་རྨིན་ཧོ་རྫོང་མིང་ཆིན་ཧོ་གྱོན་གོས་ཀུང་སིའི་ལས་མི་རྒན་གྲས་ཤིག་རེད་ལ། འཚེམ་བཟོའི་ལག་རྩལ་མཁས་པོ་ཡོད། ཟླ་2ཚེས་1ཉིན་གྱི་དགོང་མོ། རྫོང་དུ་འཚེམ་བཟོ་ཆེ་མོ་བ་བསྡུ་བའི་ཛ་དྲག་གྲོས་འགོ་མཐོང་འཕྲལ་མིང་ཐོ་བཀོད་པ་མ་ཟད། རང་ཉིད་ཀྱི་སྐད་འཕྲིན་ཚོགས་པའི་ནང་དུའང་གྲོས་འགོ་བརྒྱུད་བསྐུར་བྱས་པ་རེད།

དབུལ་སྐྱོར་འཁོར་ཁང་གི་འཕྲལ་སྡོམ་འགོག་སྲུང་གྱོན་གོས་འཚེམ་བཟོ་རུ་ཁག་ནང་ཏང་ཡོན་5ཡོད་ཅིང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བྱ་ཆེད། ཟླ་2ཚེས་3ཉིན་གྱི་དགོང་མོ། པེ་ཧྲན་ཤང་དབུལ་སྐྱོར་འཁོར་ཁང་དུ་གནས་སྐབས་ཏང་ཀྲི་པུའུ་ཞིག་བཙུགས་ཏེ་ཏང་ཡོན་ལྔ་པོས་དམར་མདངས་བཀྲ་བའི་ཏང་དར་མདུན་དུ་གཟི་བརྗིད་དམ་བཅའ་བཞག་པ་རེད།

འདི་ལོ་ལོ་56ལ་སླེབས་པའི་ལུང་ཀྲེ་ཤང་ཐེ་ཅ་གྲོང་ཚོའི་ཏང་ཡོན་རྒན་གྲས་ལི་ཨའེ་དབྱིང་ནི་འཚེམ་འཁོར་ལག་རྩལ་ཤེས་མཁན་ཞིག་ཡིན་ལ། གྲོང་ཚོའི་ཀྲི་པུའུ་ཨུ་ལྷན་གྱི་ཨུ་ཡོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཡང་ཡིན་པ་རེད། རིམས་ནད་ཐོན་རྗེས། ཁོང་གིས་ད་དུང་གྲོང་ཚོའི་ལས་རེས་སྲུང་བྱའི་འགན་ཡང་འཁུར་ཡོད། རྫོང་དུ་འཕྲལ་སྡོམ་འགོག་སྲུང་གྱོན་གོས་ཁ་ཚ་དགོས་གཏུགས་ཡིན་པའི་གནས་ཚུལ་ཤེས་རྗེས། ཏང་ཡོན་ཞིག་ཡིན་པའི་ཁོང་གིས་འཕྲལ་དུ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིར་གནས་ཚུལ་གསལ་བཤད་བརྒྱབ་སྟེ། རང་ཉིད་ཀྱི་བུ་གྲོང་ཚོའི་མདོར་ལས་རེས་སྲུང་བྱ་བྱེད་པར་བཏང་བ་དང་། རང་ཉིད་དབུལ་སྐྱོར་འཁོར་ཁང་དུ་འཕྲལ་སྡོམ་འགོག་སྲུང་གྱོན་གོས་འཚེམ་པར་བསྐྱོད་པ་རེད།

ཧྥན་ཁྲེང་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་2ཚེས་1ཉིན་ནས་བཟུང་། དབུལ་སྐྱོར་འཁོར་ཁང་གིས་འཕྲལ་སྡོམ་འགོག་སྲུང་གྱོན་གོས་ཆ་ཚང་148བཙེམས་ཟིན་པ་དང་། མིག་སྔར་འཕྲལ་སྡོམ་འགོག་སྲུང་གྱོན་གོས་འཚེམ་པའི་ལས་དོན་སྔར་བཞིན་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།