​མཚོ་སྔོན་ཞིང་ཆེན་གྱིས་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཀྱི་ནད་པའི་ནད་བརྟག་སྨན་བཅོས་ལས་དོན་སྔར་བས་ཚད་ལྡན་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་《སྨན་བཅོས་སྒྲིག་གཞིའི་སྔོན་བཤེར་དང་ཁག་བགོས་ནད་དཔྱད་དང་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཀྱི་འབྲེལ་ཡོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་རེད། 

སྨན་བཅོས་སྒྲིག་གཞིས་སྔོན་བཤེར་དབྱེ་འབྱེད་བརྟག་དཔྱད་བཟང་པོ་བྱས་ནས་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཀྱི་ཏོག་དབྱིབས་ནད་དུག་གསར་པ་འགོ་བ་གྲལ་བཤེར་དང་ཚ་བ་རྒྱས་མཁན་ལ་སྨན་བཅོས་བྱས་ཏེ་སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་སྙན་ཞུ། སྔ་མོ་ནས་ལོགས་སུ་བཀར་བ། སྔ་མོ་ནས་བརྟག་དཔྱད། སྔ་མོ་ནས་སྨན་བཅོས་བྱེད་པ་བཅས་ཀྱི་འགག་རྩའི་ནུས་པ་ཐོན་ཐུབ་པ་བྱ་རྒྱུ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྷུ་ཚིགས་གལ་ཆེན་ཞིག་རེད། 
    《བརྡ་ཐོའི》ནང་རིམ་པ་ཁག་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་དང་སྨན་བཅོས་སྒྲིག་གཞིའི་ངོས་འཛིན་མཐོ་རུ་བཏང་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་པ་དང་། སྔོན་བཤེར་དང་དབྱེ་འབྱེད་བརྟག་དཔྱད། ཚ་རྒྱས་སྒོ་བསྟེན་སྨན་བཅོས་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་ཚ་བ་རྒྱས་པའི་ནད་པར་ནད་བརྟག་སྨན་བཅོས་དང་ཐག་གཅོད་ལས་དོན་བཟང་པོ་བསྒྲུབ་དགོས་པར་བསྟན་ཡོད། 

《བརྡ་ཐོའི》ནང་རིམ་པ་ཁག་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་དང་སྨན་བཅོས་སྒྲིག་གཞིས་ལས་ཀའི་ལམ་ལུགས་ཁག་ནན་གྱིས་དོན་འཁྱོལ་བྱེད་དགོས་པ་དང་། ཐོག་མའི་སྨན་བཅོས་གྱི་སྨན་པ་དཀའ་བཅུ་པའི་འགན་འཁྲིའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་ནད་དཔེ་ཤེས་རྟོགས་དང་། སྙན་ཞུ། ཐག་གཅོད་བྱེད་པ་བཅས་ཚད་ལྡན་དུ་གཏོང་དགོས། སྔོན་བཤེར་དབྱེ་འབྱེད་བརྟག་དཔྱད་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་ཕྱིར་འབུད་པ་དང་སྨན་བཅོས་སྲུང་སྐྱོབ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལོགས་དབྱེའི་ས་ཁོངས་ལུགས་མཐུན་ངང་འཛུགས་པ་བཅས་བྱས་ཏེ་ནད་པ་ས་ཆ་དེ་རང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་པའི་དགོས་མཁོ་སྐོང་དགོས། 

ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཀྱི་སྒྲིག་བཀོད་དང་ལས་ཀའི་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་བཏང་ནས་བླང་བྱ་དང་མཐུན་པའི་འཕྲོད་བསྟེན་སྒྲིག་བཀོད་དང་སྨན་བཅོས་ལས་དོན་མི་སྣའི་འགོག་སྲུང་མཁོ་ཆས་སྒྲིག་སྦྱོར་བྱེད་དགོས། སྨན་བཅོས་ལས་དོན་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་རིག་པའི་ཁྱད་ཆོས་དང་ནད་ཐོག་སྨན་བཅོས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ་ནད་བརྟག་སྨན་བཅོས་ཀྱི་ཚད་གཞི་ལྟར་ནད་པར་གྲལ་བཤེར་བྱེད་དགོས་པ་དང་དོགས་ཡོད་ནད་པའམ་ཡང་ན་གཏན་འཁེལ་བྱུང་བའི་ནད་པར་ཁྲིམས་དང་སྒྲིག་སྲོལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་ཐག་གཅོད་དང་དེ་བཞིན་སྙན་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས། ནན་ཏན་གྱིས་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སྔོན་བཤེར་དབྱེ་འབྱེད་སྨན་བཅོས་དང་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཀྱི་དོ་དམ་དང་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། འགན་འཁྲི་བདའ་འདེད་དང་ལྡོག་བཤེར་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། ལས་འགན་དོན་འཁྱོལ་མི་བྱེད་པ་དང་། བྱེད་ཐབས་གནད་ལ་མི་འཁེལ་བ། འགན་འཛོལ་གྱི་བྱ་སྤྱོད་ལྡན་པ་སོགས་རིམས་ནད་མཆེད་པར་བྱེད་པའི་སྡེ་ཁག་དང་མི་སྒེར་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།