མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་དང་འཚོ་བ་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བ་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཐོན་སྐྱེད་དང་འཚོ་བ་བརྟན་ལ་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་ནུས་ལྡན་བྱས་པ་རེད།

མཚོ་སྔོན་གྱིས་ཚོང་ར་དང་། སྒོ་རྩིས་ཚོང་ཁང་། སྡེབ་ཚོང་ཁྲོམ་ར། ཞིང་ཟོག་ཁྲོམ་ར་བཅས་དང་། དེ་བཞིན་བཟའ་བཏུང་དང་སིལ་ཚོང་སོགས་འཚོ་བའི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་དང་། ཟོག་ཁུངས་སྒྲིག་འཛུགས། རིན་གོང་ལྟ་སྐུལ་ཚོད་འཛིན། མི་སྣ་འགོག་སྲུང་། འཕྲོད་བསྟེན་རིམས་འགོག དངོས་ཟོག་གྲབས་གསོག ཐོགས་མེད་བགྲོད་ལམ་སོགས་ཐད་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལོ་འཁོར་གྱི་གཙོ་གནད་ལས་དོན་སྤྱི་འདོམས་ཇུས་འགོད་དང་དུས་མཉམ་དུ་སྐུལ་འདེད་བཏང་སྟེ། འཛད་སྤྱོད་ལ་སྐུལ་འདེད་དང་། ཕྱི་ཕྱོགས་ཚོང་དོན་བརྟན་པོ། ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་པ་རེད།

མིག་སྔར། མཚོ་སྔོན་གྱིས་ཚོན་དོན་སྒོ་རྩིས་ཚོང་ཁང་ཁག་གཅིག་གི་དགོང་མོའི་ལས་གཉེར་དུས་ཚོད་ཐུང་དུ་བཏང་བ་ཕུད། ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྒོ་རྩིས་ཚོང་ཁང་ཆེ་གྲས་ཀྱི་ལས་གཉེར་གནས་ཚུལ་སྤྱིའི་ཆ་ནས་རྒྱུན་གཏན་བཞིན་གཉེར་སྐྱོང་བྱེད་བཞིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཁག་ཏུ་ཚོང་ལས་སྒོ་རྩིས་ཚོང་ཁང་ཆེ་གྲས་197ཡོད་པའི་གྲས་ནས་རྒྱུན་གཏན་བཞིན་ལས་གཉེར་བྱེད་བཞིན་པའི་སྒོ་རྩིས་ཚོང་ཁང་195ཡོད་པ་དང་། ཟླ་2ཚེས་3ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཚོང་ལས་སྒོ་རྩིས་ཚོང་ཁང་རྒྱུན་གཏན་བཞིན་ལས་སྒོ་གཉེར་བའི་དུས་ཚོད་གཅིག་རྗེས་གཉིས་མཐུད་ངང་སླར་གསོ་བྱ་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་གྱིས་འབྲས་དང་། གྲོ་ཞིབ། སྣུམ་བཅས་གཏོང་འདྲེན་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་ནས། ཁེ་ལས་6སྟབས་བདེའི་ཐུག་པ་དང་གཏེར་ཆུ་སོགས་འཕྲལ་མཁོའི་ཚོང་ཟོག་གི་གྲབས་གསོག་ཁེ་ལས་ལ་གཏན་འཁེལ་བྱས་ཏེ། འཕྲལ་མཁོའི་ཚོང་ཟོག་མཁོ་སྤྲོད་འདང་ངེས་ཡོང་བ་བྱས་ཡོད། མཚོ་བོད་ས་མཐོའི་ཞིང་ཞོར་ཐོན་རྫས་ཁ་འགྲེམས་ལྟེ་གནས་ཀྱིས་ཉིན་རེར་སྔོ་ཚལ་ཏུན་1900ཙམ་གཏོང་འདྲེན་བྱས་པ་དང་། གཏོང་འདྲེན་བྱེད་ཚད་དཔྱིད་གསར་དུས་ཆེན་གོང་དང་འདྲ་པོ་ཡོད་པས་ཞིང་ཆེན་ཡོངས་ཀྱི་དགོས་མཁོ་འགན་ལེན་བྱེད་ཐུབ། ཕག་ཤ་འཁྱགས་མ་ཏུན་1000དང་། ཚགས་ཤ་དང་ལུག་ཤ་ཏུན་8100 ཕག་པ་མགོ་གྲངས་ཁྲི་1དང་ནོར་ལུག་མགོ་གྲངས་15000གྲབས་གསོག་བྱས་ཏེ་ཟོག་ཁུངས་འདང་ངེས་དང་ཟོག་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།

དེ་དང་དུས་མཚུངས། ཟི་ལིང་གིས་གང་བྱུང་དུ་ཟོག་གོང་སྤོར་བ་དང་སྤུས་ཞན་གྱི་ཐོན་རྫས་རྫུན་མ་འཚོང་བ་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་རིམ་རྩིས་ལྟར་ན། གཉེར་སྐྱོང་བྱེད་པོ་6549ལ་ཞིབ་བཤེར་བྱས་པ་དང་གྱོད་གཞི་66ཞིབ་བཤེར་ཐག་གཅོད་བྱས་ཏེ། ཟོག་གོང་གང་བྱུང་དུ་སྤོར་བ་དང་རིན་གོང་མཐོ་པོས་སྨན་སྤྱོད་ཁ་རས་ཚོང་བའི་དཔེ་མཚོན་གྱོད་དཔེ་7ལ་མྱུར་དུ་ཁྲིམས་ཆད་ལྕི་པོ་བཅད་པ་མ་ཟད། སྨྱན་སྦྱོར་ཐོག་དམར་རྗེན་དུ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།