མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ(རྒྱ་བསྐྱེད)ཚོགས་འདུ་དང་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས་དྲུག་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ(རྒྱ་བསྐྱེད)ཚོགས་འདུ་དང་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས་དྲུག་པ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་རེད། ཟླ2ཚེས3ཉིན། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་ལམ་སྲོལ་གཞུང་ལས་ཁང་གི་བརྡ་ཐོ། དེ་བཞིན་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་མཉན་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། རྗེས་ཕྱོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅི་དང་། ཧྲིན་ཀྲང་། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ལིག་ཉིང་གིས་ཚོགས་འདུ་གཙོ་སྐྱོང་བྱས་ཏེ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱས་ཏེ། ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས། ཞིབ་ཚགས་ངང་སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྙན་ཞུ། སྔ་ཙམ་ནས་ཟུར་འཇོག སྔ་ཙམ་ནས་སྨན་བཅོས་བཅས་ཀྱི“སྔ་ཙམ་བཞི”ཡི་བྱེད་ཐབས་དང་། ནད་པ་གཅིག་སྡུད་དང་། ཆེད་མཁས་གཅིག་སྡུད། ཐོན་ཁུངས་གཅིག་སྡུད། སྐྱོབ་བཅོས་གཅིག་སྡུད་བཅས“གཅིག་སྡུད་བཞིའི”བླང་བྱ་དོན་འཁྱོལ་བྱས་ཤིང་། ཁོངས་གཏོགས་ཁུལ་དང་། སྡེ་ཁག ཏང་སྲིད་འགོ་ཁྲིད་གཙོ་བོ། རིམ་པ་སོ་སོའི་ལས་བྱེད་པའི་ལས་གནས། མི་སྒེར་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི“འགན་འཁྲི་ལྔ”ལ་ཤུགས་སྣོན་བརྒྱབ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། བསྒྱུར་བཅོས་དང་། གོང་སྤེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ལོ་འཁོར་གྱི་དམིགས་ཚད་ལ་དམིགས་ནས་བརྟན་ཐོག་ཡར་འཕེལ་དང་། སྔོན་འགོག་བྱེད་རིང་ཐོན་སྐྱེད་སླར་གསོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་ཚིགས་དང་པོ་ནས་འགོ་ཡག་པོ་འཛུགས་པ་དང་འགོ་ཡག་པོ་ཚུགས་པའི་ལས་དོན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་། ལས་གཞི་ལས་འགོ་འཛུགས་པ། རྨོ་གྲབས་ཐོན་སྐྱེད་བཅས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་ཐུབ་པར་འགན་ལེན་བྱེད་དགོས། “མིག་མངས་སྐོར་གཅིག”གི་བསམ་བློ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་དང་། ཞིང་ཆེན། རིམས་ནད་སྔོན་འགོག་ཚོད་འཛིན་དང་བསྒྱུར་བཅོས་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་གསེབ། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་འཚོ་བར་འགན་སྲུང་བཅས་མིག་མངས་སྐོར་གཅིག་ཡིན་པ་རྒྱུན་འཁྱོངས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་དགོས། བཅོས་སྐྱོང་མ་ལག་དང་ནུས་པ་ཆེ་རུ་གཏོང་བར་ཤུགས་བརྒྱབ་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་བ། བླང་བྱ་ལྟར་འགུལ་སྐྱོད་བྱེད་པ། ཆོས་ཉིད་ལྟར་སྐྱོད་པ། དགོས་མཁོ་ལྟར་ལས་པ། དུས་རིམ་ལྟར་སྒྲུབ་པ་བཅས་བྱས་ནས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་དགོས། སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་ལ་ཤུགས་སྣོན་བརྒྱབ་ནས། ཕན་ནུས་ཆེར་གཏོང་ལ་དོ་སྣང་ཆེན་པོ་བྱེད་པ་དང་། སྣེ་ཁྲིད་དེ་འགན་འཁུར་དང་བྱས་རྗེས་འཇོག་པ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་བཀོད་སྒྲིག་དང་བླང་བྱ་སྣ་ཚོགས་ལས་ཀའི་ཁྲོད་མངོན་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་མཛུབ་ཁྲིད་ཚོགས་ཆུང28པའི་འགན་འཁུར་བློ་མཐུན་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ཡན་ཅིན་ཧའེ་དང་ཀྲང་ཧོང་ཡོན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད་པ་དང་། ཁྱིམ་དུ་ཟུར་འཇོག་བྱས་ཡོད་པའི་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལི་ཅེ་ཞང་དང་ཏང་ཙུའུ་ཁོངས་མི་ཝང་ལིས་མིང་དང་། དབྱང་ཧྥིན་ཁྲུན། ཐེན་ཅིན་ཁྲེན། ལིག་ཐའོ་བཅས་རང་ཁྱིམ་ནས་ཚོགས་འདུར་ཞུགས། ཏང་རྩ་འཛུགས་ཀྱི་ཁོངས་མི་ཝང་ཀྲིན་ཧྲེང་ཞིང་ཆེན་སྤྱི་བདེ་ཐིང་གི་ཚོགས་འདུར་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོ་དང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་རྣམས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།